དགུང་ལོ་༤༨ ལ་ཕེབས་པའི་ལྕམ་ལེན་ལགས་དབྱིན་ཡུལ་གྱི་ཡི་ཤུའི་ཆོས་དཔོན་དུ་འདེམས་ཐོན་བྱུང་སྟེ། ཡི་ཤུའི་ཆོས་ལུགས་ཀྱི་ལོ་རྒྱུས་ནང་བུད་མེད་ཆོས་དཔོན་ཐོག་ཆགས་ཡོད་པ་རེད།
ལྕམ་ལི་བྷེ་ལེན་(Libby Lane) ལགས་ནི་དེ་སྔོན་དབྱིན་ཡུལ་གྱི་གྲོང་ཁྱེར་གྱི་ཆོས་ཚོགས་ཤིག་གི་ཆོས་དཔོན་ཡིན་ཞིང་། ཕྱི་ཟླ་༡༢ པའི་༡༧ ཉིན་དབྱིན་ཡུལ་གྱི་གྲོང་སྡེ་སི་ཀྲོག་པོ་ཊི་(Stockport) ནང་ཡི་ཤུའི་ཆོས་ལུགས་ཀྱི་ཆོས་དཔོན་དུ་བསྐོ་བཞག་བྱས་ཏེ། ཡི་ཤུའི་ལོ་རྒྱུས་ནང་བུད་མེད་ཆོས་དཔོན་ཐོག་མ་དེ་ཆགས་ཡོད་པ་དང་། ལྕམ་ལེན་ལགས་ཀྱིས་དེ་སྔར་གནས་ ཆོས་དཔོན་གྱི་ལས་རོགས་དང། དེ་བཞིན་ཆོས་ཚོགས་ཀྱི་འཛིན་སྐྱོང་དོ་དམ་པ། ཡི་ཤུའི་བུད་མེད་ཀྱི་ཞལ་ངོའི་ལས་འགན་བཅས་འཁུར་མྱོང་ཡོད་པ་རེད།
ཐེངས་འདིར་ལྕམ་ལིན་ལགས་ཡི་ཤུའི་ཆོས་དཔོན་དུ་བསྐོ་བཞག་བྱས་པ་དེས། བུད་མེད་ཚོས་འདས་པའི་མི་ལོ་༢༢ རིང་ཆོས་དཔོན་གྱི་ཐོབ་ཐང་ལ་འཐབ་རྩོད་བྱས་པའི་འབྲས་བུ་མངོན་འགྱུར་བྱུང་བ་ཞིག་ཡིན་པ་མ་ཟད། ལོ་བརྒྱ་ཕྲག་མང་པོའི་རིང་ཕོ་རྒྱུད་གཅིག་པུས་ཡི་ཤུའི་དབུ་ཁྲིད་ཀྱི་གོ་གནས་བཟུང་བའི་སྲོལ་རྒྱུན་གྱི་ལམ་ལུགས་མཇུག་བསྒྲིལ་བ་ཞིག་ཀྱང་ཡིན་འདུག
དེ་ཡང་རེས་གཟའ་ལྷག་པའི་ཉིན་དབྱིན་ཡུལ་གྱི་རྒྱལ་མོས་བུད་མེད་ཞིག་ལ་ཆོས་དཔོན་གྱི་གོ་གནས་ཐོབ་པར་བསྔགས་བརྗོད་དང་སྦྲགས། འོས་འདེམས་ལེགས་གྲུབ་ངོས་ལེན་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་དང་། དེ་བཞིན་དབྱིན་ཡུལ་གྱི་སྲིད་བློན་ཁེ་མར་རོན་ (David Cameron) གྱིས་ཀྱང་ལྕམ་ལེན་ལགས་གྲོང་སྡེའི་ཆོས་དཔོན་དུ་བསྐོས་པར་འཚམས་འདྲི་དང་། མང་མོས་འོས་བསྡུ་དེ་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ཡིན་པ་མ་ཟད། ཕོ་མོ་ཐོབ་ཐང་འདྲ་མཉམ་གྱི་གལ་ཆེའི་ཉིན་མོ་ཞིག་ཀྱང་ཡིན་སྐོར་བརྗོད་འདུག།
གསར་འགོད་པ་བསྟན་འཛིན་ཟླ་བ།
ཡོང་ཁུངས་བོད་ཀྱི་བང་ཆེན།