བླུན་པོ་སྙུག་ཐོགས།

གླེང་བ།

གྲོགས་པོ་ལ་ལས་ང་ལ“ཁྱེད་ཀྱིས་སྨྱུ་གུ་ཐང་ལ་བཞག་སྟེ། དེ་རིང་གི་སྒེར་གཅོད་དང་དེ་རིང་གི་རུལ་སུངས་ཀྱི་སྤྱི་ཚོགས་འདི་ལ་མགོ་མ་བཏགས་ན། ཁྱེད་ཀྱི་མ་འོངས་པ་ནི་མུན་ནག་གི་གཅོང་རོང་ཞིག་རེད་ཟེར།”ངས་བརྗོད་འདོད་པ་ནི་བོད་ཀྱི་སྨྱུག་འཛིན་པ་ཚོས་སྨྱུ་གུ་ཐང་ལ་བཞག་སྟེ། དེ་རིང་གི་སྒེར་གཅོད་དང་དེ་རིང་གི་རུལ་སུངས་ཀྱི་སྤྱི་ཚོགས་འདི་ལ་མགོ་བཏགས་པ་ན། ང་ཚོ་ཁོ་ན་ཡིས་མི་ཚད་པར་ང་ཚོའི་མི་རིགས་འདིའི་མ་འོངས་བ་ཡང་མུན་ནག་གི་གཅོང་རོང་ཞིག་ཏུ་འགྱུར་སྲིད་ཀྱི་རེད་འདོད་གི


༡༽

ད་ལྟ་ང་ཚོའི་མིག་མདུན་ན་གྲུབ་པའི་མི་རིགས་ཀྱི་སྐད་ཡིག་ཉམ་རྒུད་ཀྱི་རྣམ་པ་འདི་ནི་མི་རིགས་ཉམ་རྒུད་ཀྱི་རྣམ་པ་ཞིག་རེད། མི་རིགས་ཤིག་ལ་མཚོན་ན་སྐད་ཡིག་དོར་བ་ནི་རང་ཉིད་དོར་བ་རེད། སྐད་ཡིག་ཉམ་པ་ནི་མི་རིགས་ཉམ་པ་རེད། ང་ཚོས་རང་ཉིད་ཉམ་བཞིན་པའི་རྣམ་པ་འདི་རྟོག་གི་ཡོད་དམ། མི་རིགས་ཤིག་གི་སྐད་ཡིག་བེད་སྤྱོད་ཀྱི་གོང་འཕེལ་ལ་རང་དབང་མ་ཡོད་པ་ནི་ཐད་ཀར་དུ་མི་རིགས་དེའི་མ་འོངས་པ་ལ་རང་དབང་མ་ཡོད་པ་རེད། འདས་བའི་ལོ་རྒྱུས་རིང་མོའི་ཁྲོད་ཀྱི་འཛམ་གླིང་གི་འཁྲུག་ཆེན་དང་མི་རིགས་ཀྱི་འཐབ་རྩོད་སྣ་ཚོགས་ཀྱིས་ང་ཚོ་མེད་པར་གཏོང་མ་ཐུབ་ཀྱང་། དུས་རབས་འདིའི་དུ་བ་མེད་པའི་སྐད་ཡིག་གི་དམག་འའཁྲུག་འདིས་ང་ཚོ་ཇི་སྲིད་ནས་ཇི་སྲིད་དུ་བསྣུབས་སྲིད་ཀྱི་རེད་འདོད་གི


༢༽

བོད་མི་རིགས་ཀྱི་སྐད་ཡིག་གི་དར་འཕེལ་ལ་ཚོད་འཛིན་བྱས་བ་ནི་ཐད་ཀར་དུ་བོད་མི་རིགས་ཀྱི་དར་འཕེལ་ལ་ཚོད་འཛིན་བྱས་པ་རེད། འདི་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚན་རིག་གོང་འཕེལ་གྱི་ལྟ་བ་དང་འགལ་ཞིང་ཆ་མཐུན་སྤྱི་ཚོགས་འཛུགས་སྐྲུན་གྱི་དགོངས་པ་དང་རྒྱབ་འགལ་བྱས་པ་ཞིག་རེད། ཁ་སང་ང་ཚོས་བོད་མི་རིགས་ཀྱི་སྐད་ཡིག་འཚོ་སྡོད་ཀྱི་རང་སྐྱོང་གླེང་ན་ཡང་། དེ་རིང་ང་ཚོས་བོད་མི་རིགས་ཀྱི་སྐད་ཡིག་འཚོ་སྡོད་ཀྱི་རང་དབང་གླེང་བཞིན་པ་འདི་རེད། འོ་ན་མ་འོངས་པར་ང་ཚོས་བོད་མི་རིགས་ཀྱི་སྐད་ཡིག་འཚོ་སྡོད་ཀྱི་ལོ་རྒྱུས་གླེང་དགོས་པ་ཨེ་རེད།


༣༽

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན་འཛམ་གླིང་ན་ལོ་རེར་སྐད་རིགས་བཅུ་རེ་མེད་པར་འགྲོ་བཞིན་འདུག་ཟེར། མིའི་རིགས་ཀྱི་སྐད་རིགས་ཀྱི་ཉམ་རྒུད་འདི་ནི་སའི་གོ་ལའི་སྟེང་གི་བྱ་རིགས་དང་འོ་འཐུང་སྲོག་ཆགས་གང་གི་ཉམ་རྒུད་ལས་ཀྱང་མྱུར་ཞིང་ཉེན་ཚབ་ཆེ་བ་ཞིག་རེད། ད་ལྟ་འཛམ་གླིང་ན་སྐད་རིགས༦༠༠༠ལྷག་ཡོད་ཀྱང༣༠༠༠ཙམ་ཉམ་རྒུད་ཀྱི་ཉེན་ཁའི་གནས་སུ་ལྷུང་འདུག། ད་དུང་སྐད་རིགས་ཉམ་རྒུད་ཀྱི་མྱུར་ཚད་དེ་འདི་ལྟར་སོང་ན་མི་ལོ་དྲུག་བརྒྱའི་རྗེས་སུ་མིའི་རིགས་ཀྱི་སྐད་རིགས་ཡོད་ཚད་མེད་པར་འགྲོ་བའི་གནས་སུ་ལྷུང་འདུག


༤༽

ང་ཚོས་མི་རིགས་ཤིག་གི་སྐད་ཡིག་གི་གལ་ཆེན་རིང་བཞིན་དེ་ངེས་པར་དུ་རྟོག་དགོས། ལྷག་པར་དུ་བོད་མི་རིགས་རང་ཉིད་ཀྱི་སྐད་ཡིག་གི་གལ་ཆེན་རིང་བཞིན་དེ་ངེས་པར་དུ་རྟོག་དགོས། སྐད་ཡིག་ནི་མི་རིགས་ཤིག་གི་སྲོག་རེད། སྲོག་ཉམ་བཞིན་པའི་མི་རིགས་ཤིག་ལ་མཚོན་ན་གོང་འཕེལ་གྱི་རེ་བ་མ་དགོས་འཚོ་སྡོད་ཀྱི་རེ་བ་ཡང་གང་ན་ཡོད། སྤྱིར་སྐད་རིགས་ཀྱི་ཉམ་རྒུད་ནི་འཇིགས་རྟེན་འཕེལ་འགྱུར་གྱི་ཆོས་ཉིད་དང་མཐུན་པ་ཞིག་ཡིན་མོད། འོན་ཀྱང་ང་ཚོས་ཤེས་དགོས་པ་ནི། སྐད་རིགས་ཤིག་ཉམ་པ་དང་ལྷན་དུ་མི་རིགས་ཤིག་གི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཉམ་པ་ཡིན་ལ། མི་རིགས་ཤིག་གི་ཆོས་ལུགས་དང་ལོ་རྒྱུས་ཀྱང་ཉམ་པ་ཡིན། དེ་དང་མཉམ་དུ་མིའི་རིགས་ཀྱི་ཕུན་སུམ་ཚོགས་པའི་རིགས་གནས་དང་ཤེས་བྱ་སྣ་ཚོགས་ཤིག་རིམ་གྱིས་དབུལ་བོ་ནས་མེད་པར་འགྱུར་བཞིན་པ་དེ་རྟོག་དགོས།


༥༽

དུས་རབས༢༠བའི་ལོ་རབས༧༠ཡི་སྐབས་སུ་ཨོ་སི་ཁྲུ་ལི་ཡ་ཡིས་མངའ་ཁུངས་ཀྱི་སྡོད་མིའི་ཡུལ་སྐད་ཀྱི་རིགས་ལ་ཚོད་འཛིན་དྲག་པོ་བྱས་པས། ད་ལྟ་སྔོན་གྱི་སྐད་རིགས༤༠༠ལས་སྐད་རིགས༢༥ཙམ་ལས་ལྷག་མི་འདུག་པ་དེ་རེད། མི་ལོ་བཞི་བཅུ་ཙམ་གྱི་རིང་གི་མིའི་རིགས་ཀྱི་སྐད་རིགས་ཀྱི་ཉམ་རྒུད་འདི་ལྟ་བུ་ལ་ང་ཚོས་སྡོམ་ཚིག་ཇི་ལྟར་འཇོག་གམ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་ལེའུ་གསུམ་པའི་དོན་ཚན་དྲུག་པའི་ཚན་ཆུང་བརྒྱ་དང་ཉེར་གཅིག་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁུལ་གྱི་རང་སྐྱོང་ཁྲིམས་ལུགས་ཀྱི་ལེའུ་གསུམ་པའི་ཚན་ཆུང་གསུམ་པའི་གཏན་ཁེལ་ལྟར། མི་རིགས་ས་ཁུལ་ནས་མི་རིགས་ཀྱི་སྐད་ཡིག་གཙོ་བོ་བྱེད་དགོས། མི་རིགས་ས་ཁུལ་ནས་ལས་དོན་སྒྲུབ་དུས་མི་རིགས་སྐད་ཡིག་གཙོ་བོར་སྤྱོད་དགོས། བོད་ཁུལ་ལྟ་བུའི་མི་རིགས་ཀྱི་སྐད་ཡིག་ཉམ་བཞིན་པའི་མི་རིགས་ས་ཁུལ་ཞིག་ལ་མཚོན་ན། ངེས་པར་དུ་མི་རིགས་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་བྱེད་པའི་སྐད་ཡིག་མྱུར་སྐྱོབ་ཀྱི་སྨྱུག་ཚོགས་ཤིག་དགོས། རྒྱུ་མཚན་ནི་གྲངས་ཉུང་མི་རིགས་ས་ཁུལ་གྱི་མི་རིགས་རང་སྐྱོང་སྲིད་ཇུས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་མི་རིགས་རང་སྐྱོང་ཁྲིམས་ལུགས་ལྟར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རང་སྐྱོང་གི་སྲིད་ཇུས་ལག་བསྟར་བྱེད་ཐུབ་ཀྱི་མེད་པས་སོ། །


༦༽

ང་ཚོར་མི་རིགས་ཀྱི་སྐད་ཡིག་གི་ལས་དབང་ལ་མཐའ་གཅིག་ཏུ་འཐམ་པའི་སྨྱུག་ཚོགས་ཤིག་དགོས་ཞེས་པའི་བརྗོད་གཞི་འདི་དང་ཐག་ཉེ་བའི་ཕྱོགས་ལ་ངས་སྔོན་ཆད་བསམ་བློ་མང་བོ་གཏོང་མྱོང་ལ། འདི་ནི་མིག་སྔའི་བོད་སྤྱི་ཚོགས་ཀྱི་གནས་བབས་དང་སྐད་ཡིག་སྲུང་སྐྱོབས་ཀྱི་འགན་འཁྲི། མི་རིགས་ཀྱི་རྣམ་ཤེས་གཅིག་སྡུད་ཀྱི་དགོས་མཁོ་སོགས་དང་མཐའ་གཅིག་ཏུ་འབྲེལ་ཏེ་ཡོད་པས་ན། རང་གིས་ཀྱང་ཅི་ནུས་གང་ལྕོག་གིས་འདིའི་སྐོར་ལ་བསམ་བློ་དང་གྲོས་འདོན་མང་བོ་བྱ་འདོད་པ་ཡིན། བོད་ཀྱི་ཤེས་ཡོན་པ་དང་སློབ་གྲྭ་ཆེན་མོ་བ་མང་བོ་ཞིག་གིས་བོད་ཀྱི་མིག་སྔའི་སྤྱི་ཚོགས་དང་སྐད་ཡིག་གི་ལས་དབང་ལ་སྒྱུར་བཅོས་བྱེད་དགོས་ཞེས་དར་ཕྱར་དུང་འབུད་ཀྱིས་སྤྱི་ཚོགས་ལ་ཞུགས་མྱོང་ན་ཡང་། མཐའ་མཇུག་གི་འབྲས་བུ་ནི་ཁོ་ཚོས་སྤྱི་ཚོགས་ལ་ཁ་ལོ་སྒྱུར་མ་ཐུབ་པར་སྤྱི་ཚོགས་ཀྱིས་ཁོ་ཚོར་ཁ་ལོ་བསྒྱུར་བ་དེ་རེད། དེའི་རྒྱུ་མཚན་ནི་བོད་ཀྱི་མིག་སྔའི་སྤྱི་ཚོགས་འཚོ་བའི་ཁྲོད་ན་ཁོ་ཚོར་མཐའ་གཅིག་ཏུ་འཐབ་རྩོད་བྱེད་གྲོགས་ཀྱི་དཔུང་ཁག་ཅིག་མ་ཡོད་པ་དང། ངེས་གཏན་གྱི་ཁ་ཕྱོགས་ཤིག་མ་ཡོད་པར་འབྲེལ་བ་དམ་པོ་འདུག། དཔུང་ཁག་ཅིག་འཛུགས་སྐྲུན་བྱེད་དགོས་ན་ངེས་པར་དུ་འཐབ་གྲོགས་གཅིག་སྡུད་བྱེད་དགོས། ང་ཚོས་མིག་སྔའི་བོད་སྐད་ཡིག་གི་ལས་དབང་ལ་རྔུལ་དང་ཁྲག་གཏོང་བཞིན་པའི་འཐབ་གྲོགས་ཚོར་དཔུང་བ་མཉམ་གཤིབ་བྱས་ཏེ། བོད་རིགས་རང་སྐྱོང་ས་ཁུལ་གྱི་བོད་ཀྱི་སྐད་དང་ཡི་གེའི་དར་འཕེལ་གྱི་ཆེད་དུ། ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་བོད་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ཁྲིམས་ལུགས་རྒྱབ་རྟེན་བྱས་ཏེ་འཐབ་རྩོད་སྣ་ཚོགས་བྱེད་དགོས། ང་ཚོས་མི་རིགས་ཀྱི་སྐད་ཡིག་གི་ལས་དབང་སྲུང་མ་ཐུབ་ཀྱང་བོད་མི་རིགས་ཀྱི་སྐད་ཡིག་གི་ལས་དབང་བཙོང་མི་ཉན།


༧༽

དགྲ་བོ་མེད་ན་འཐབ་རྩོད་མེད། འཐབ་རྩོད་མེད་ན་གོང་འཕེལ་མེད། ང་ཚོ་ནི་སྤྱི་ཚོགས་གོང་འཕེལ་གྱི་ཆེད་དུ་འཐབ་རྩོད་བྱེད་པའི་དཔུང་ཁག་ཅིག་བྱེད་དགོས། ང་ཚོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མིའི་རིགས་ཞི་བདེ་ཡི་ཆེད་དུ་འཐབ་རྩོད་བྱེད་པའི་དཔུང་ཁག་ཅིག་བྱེད་དགོས། སྤྱི་ཚོགས་ཁྲོད་ཀྱི་དགྲ་བོ་ནི་ནམ་ཡང་ནུབ་མི་སྲིད། དེ་རིང་ལྟ་བུའི་དམིགས་བསལ་གྱི་དུས་བབས་སུ་ང་ཚོར་མཁོ་བ་ནི་མི་སྒེར་རིང་ལུགས་ཀྱི་ལ་རྒྱ་དང་ངོ་སོ་ཙམ་གྱི་ཆེད་དུ་ཚིག་རྩུབ་ཀྱི་མཚོན་རྩལ་འགྲན་པའི་སྨྱུག་འཛིན་པའི་སྡེ་དེ་མ་རེད། ང་ཚོར་མཁོ་བ་ནི་དྲོ་ས་བདེ་ས་ན་མི་རིགས་ཀྱི་འགན་ཁུར་དོར་བའི་ཡིག་ཐོག་གི་རྒྱལ་སྲས་ཚོན་པོ་དེ་ཚོ་མ་རེད། ང་ཚོར་མཁོ་བ་ནི་བཤད་རན་དུས་ཡོད་ཀྱང་སྒྲུབ་རན་དུས་མེད་པའི་མི་རིགས་ཀྱི་སྡར་མ་མདུང་འཛིན་དེ་ཚོ་མ་རེད། ང་ཚོར་མཁོ་བ་ནི་མི་རིགས་ས་ཁུལ་ན་ཏང་དང་རྒྱལ་ཁབ་ཀྱི་ལྟོ་ཐོག་ལ་རུལ་སོང་གི་ས་དོང་རྐོ་བཞིན་པའི་མིའི་རིགས་ཀྱི་གཏེ་བོ་དེ་ཚོ་ག་ལ་ཡིན། ང་ཚོར་མཁོ་བ་ནི་རྒྱལ་ཁབ་ཀྱི་ཟླ་ཕོག་འོག་ན་ཕ་མེས་ཀྱི་རུས་པར་སོ་འབྲད་བྱེད་བཞིན་པའི་དུས་རབས་འདིའི་བླ་བཙོང་ཚོ་ཡང་ག་ལ་ཡིན། དོན་ངོ་མས་ང་ཚོར་མཁོ་བ་ནི་བོད་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་འོ་དོད་སྙིང་ནས་འདོན་ཤེས་པའི་མི་བུ་ཤ་དྲོད་ཅན་དེ་ཚོ་རེད། ང་ཚོར་མཁོ་བ་ནི་བོད་ཀྱི་སྐད་དང་ཡི་གེ་ཡིའི་དར་རྒུད་ཀྱི་ཆེད་དུ་མི་ཚེ་བློས་གཏོང་ཐུབ་པའི་དུས་རབས་ཀྱི་གདོང་ལེན་པ་དེ་དག་ཡིན། ང་ཚོར་མཁོ་བ་ནི་བོད་མི་ས་ཡ་དྲུག་གི་ལས་དབང་གི་ཆེད་དུ་ཟུང་ཁྲག་དམར་པོས་བདེན་གཏམ་འབྱིན་ཕོད་པའི་སྲ་མཁྲེགས་ཀྱི་རུས་པ་ཅན་དེ་ཚོ་ལོས་ཡིན། ང་ཚོར་མཁོ་བ་ནི་རྒྱུ་འབྲས་ཀྱི་ནམ་མཁའ་ཐེལ་པོ་འདིའི་འོག་ན་མི་ཡུལ་ལ་བདེན་དོན་དང་གནས་ལུགས་འཆད་ཕོད་པའི་རིག་པའི་དཔའ་བོ་དེ་ཚོ་རེད། ང་ཚོར་མཁོ་བ་ནི་བོད་མི་རིགས་ཀྱི་སྐད་ཡིག་གི་ལས་དབང་ལ་གཅིག་མཐུན་གྱིས་ཕྱོགས་པའི་མྱུར་སྐྱོབ་སྨྱུག་ཚོགས་ཤིག་རེད།

མདོར་ན་དེ་རིང་ང་ཚོར་སྒེར་སེམས་ཅན་གྱི་མི་ཞིག་ལས་སྤྱི་སེམས་ཅན་གྱི་ཁྱི་ཞིག་མཁོ། ང་རང་ལ་མཚོན་ན་ཡང་དུས་རབས་འདིའི་མི་ཞིག་གི་གཏམ་རྒྱུད་ལ་ཉན་པ་ལས་འབྲོག་ཁུལ་གྱི་འབྲོག་ཁྱི་ཞིག་གི་གཏམ་རྒྱུད་ལ་ཉན་པར་སྤྲོ་བ་ཡོད། མི་རིགས་ཤིག་གི་གནས་བབ་ཀྱི་གནོན་ཤུགས་དང་བཙུར་གནོན། ཆག་སྒོ་དག་ལ་གདོང་གཏུག་བྱེད་མི་ཕོད་པའི་རིག་གནས་པའི་སྡེ་དེ་ནི། ངས་སྔོན་ཆད་བརྗོད་ཟིན་པ་ལྟར་བོད་མི་རིགས་ལ་མི་མཁོ་བའི་རིག་གནས་པའི་སྡེ་ཞིག་རེད་ཅེས་བརྗོད་ན་མི་ཆོག་རྒྱུ་མི་འདུག


༨༽

ང་ཚོས་བདེན་དོན་དང་གནས་ལུགས་འདི་མི་རིགས་ཀྱི་བདེ་སྡུག་འཆད་བྱེད་ཀྱི་ཁ་ལྕེ་བྱས་ཏེ། ང་ཚོས་མིའི་རིགས་ཀྱི་རྒྱུ་འབྲས་དང་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་འདི་མ་འོངས་པའི་ལམ་སྟོན་བྱས་ཏེ། གདོང་དམར་བོད་པ་ཚང་གི་ཕ་མེས་ཀྱི་སྐད་དང་ཡི་གེ་ལ་ལུས་དང་སྲོག་གིས་སྲུང་སྐྱོབ་བྱེད་དགོས། དེ་ནི་མི་རབས་འདིའི་སྨྱུག་འཛིན་པ་ཞིག་གི་འགན་འཁྲི་ཡིན། སྤྱིར་བོད་ཁམས་ལ་མཚོན་ན་ལྷོ་ཁའི་སྨྱུག་ཚོགས་དང་རྒྱལ་རོང་ཕ་སྐད་སྨྱུག་ཚོགས། མི་རབས་གསུམ་པ་དང་བཞི་བ། ན་གཞོན་གསར་བ་སོགས(མང་བོ་ཞིག་མི་ཤེས)ཡོད་ཀྱང་། རང་རང་སོ་སོ་ན་རང་གི་སྤར་མོས་གང་ཟིན་ཙམ་རེ་གླེང་སྟེ་འགྲོ་བ་ལས། གཅིག་གྱུར་གྱི་ཕུགས་འདུན་དང་མཉམ་འབྲེལ་གྱི་འདུ་ཤེས་ནི་ཤིན་ཏུ་དཀོན་པ་མ་ཟད། ད་དུང་སྤྱི་སེམས་བཞག་སྟེ་སྒེར་སེམས་ན་གུ་དོག་པའི་འཐབ་རྩོད་ཀྱི་ལས་ལ་བྲེལ་བའང་ཤིན་ཏུ་མང་།  “མི་རིགས་ནི་ངེད་བོད་པ་ཚང་གི་སྤྱིའི་མགོ་སྦྲ་རེད།”མི་རིགས་ནི་ཡན་ལག་མང་བོ་ཞིག་གིས་གྲུབ་པའི་སྤྱི་ཞིག་རེད། ང་ཚོ་ནི་རླུང་ཁ་ན་འགྱེལ་ལ་ཉེ་བའི་མགོ་སྦྲ་སྨུག་པོ་འདིའི་ཡན་ལག་རེ་རེ་ལ་འཐམ་པའི་ཕུར་བ་ལྟ་བུ་ཡིན་དགོས། ང་ཚོས་སྦྲ་འདབས་ནས་ཕྱོགས་སོ་སོར་འཐེན་སའི་ཁ་ཕྱོགས་མི་འདྲ་ཡང་ང་ཚོའི་གཅིག་མཐུན་གྱི་ཕུགས་འདུན་ནི་མགོ་སྦྲ་སྨུག་པོ་འདི་མི་འགྱེལ་བ་བྱེད་རྒྱུ་དེ་ཡིན་དགོས།


༩༽

རིག་གནས་གསར་བའི་ཚོགས་པ་དང་བསམ་བློ་གསར་བའི་ཚོགས་པ་ནི་དུས་རབས་གསར་བ་ཞིག་གི་སྔོན་བགྲོད་ཀྱི་ལམ་སྟོན་ཡིན་ཚེ། ཚོགས་པ་དེ་ལ་ངེས་པར་དུ་གཅིག་གྱུར་གྱི་ཁ་ཕྱོགས་དང་གཅིག་གྱུར་གྱི་འཆར་གཞི། གཅིག་གྱུར་གྱི་རྩ་འཛུགས་ཤིག་དགོས། དེ་མེད་ཚེ་དམག་དཔུང་ལ་འཐབ་བཀོད་མེད་པ་དང་གཅིག་མཚུངས་ཡིན། ད་ལྟའི་བོད་སྤྱི་ཚོགས་ཀྱི་གནས་བབས་དང་སྐད་ཡིག་གི་ཉེན་ཁ་ལ་གཞིག་སྟེ་བཤད་ན། ཚོགས་པ་དེ་ནི“སྐད་ཡིག་མྱུར་སྐྱོབ་སྨྱུག་ཚོགས”ལྟ་བུ་རེད། གྲངས་ཉུང་མི་རིགས་ས་ཁུལ་གྱི་སྐད་དང་ཡི་གེའི་ཁེ་ཕན་དང་ཚེ་སྲོག་སྲུང་སྐྱོབ་བྱེད་དགོས་ན། ངེས་པར་དུ་མི་རིགས་རང་ཉིད་ཀྱི་སྨྱུག་འཛིན་པའི་སྡེ་ཡིས་རང་ཉིད་ཀྱི“སྐད་ཡིག་མྱུར་སྐྱོབ་སྨྱུག་ཚོགས”ཤིག་བཙུགས་ཏེ་མི་རིགས་ས་ཁུལ་གྱི་སྐད་ཡིག་བེད་སྤྱོད་ཀྱི་ལམ་ལུགས་ལྷོད་ཡངས་སུ་གཏོང་ཐབས་བྱེད་དགོས། སྐད་ཡིག་རང་སྐྱོང་གི་བཀག་རྒྱ་དེ་ནི་མི་རིགས་གོང་འཕེལ་གྱི་ལྕགས་སྒྲོག་ཅིག་དང་འདྲ་བརེད། སྐད་ཡིག་གི་ལས་དབང་ནི་མི་རིགས་ཀྱི་ལས་དབང་རེད། བོད་སྐད་ཡིག་བསྣུབ་པ་ནི་བོད་མི་རིགས་བསྣུབ་པ་རེད། འདི་ལྟ་བུའི་རུལ་སུངས་བའི་སྲིད་དབང་གི་གཉའ་གནོན་ལ་སུ་ཞིག་གིས་བཟོད་སྒོམ་བྱེད་ཐུབ་བམ། དེ་བཞིན་དུ“སྐད་ཡིག་མྱུར་སྐྱོབ་སྨྱུག་ཚོགས་འདི་ནི་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་སྲུང་བྱེད་མཁན་ཞིག་དང། རྒྱལ་ཁབ་དང་མི་རིགས་ཀྱི་དམངས་གཙོ་རིང་ལུགས་གསར་བའི་རིག་གནས་དར་སྤེལ་གཏོང་མཁན་ཞིག་ཡིན་དགོས།

ང་ཚོས་མིའི་རིགས་ཀྱི་གནས་ལུགས་དང་བདེན་དོན། རྒྱུ་འབྲས་སོགས་རང་གི་སྨྱུག་འོག་ནས་ཇི་སྲིད་ནས་ཇི་སྲིད་དུ་དོར་མི་ཉན། ང་ཚོས“སྐད་ཡིག་མྱུར་སྐྱོབ་སྨྱུག་ཚོགས”ཤིག་འཛུགས་ཐབས་བྱས་ཏེ་མི་རིགས་འདིར་བདེན་དོན་དང་གནས་ལུགས། རྒྱུ་འབྲས་སོགས་འཚོལ་དགོས། དེ་རིང་གི་ང་ཚོ་ཡང་མིན་ན་སྨྱུ་གུ་འདིའི་འོག་ནས་རླབས་ཆེ་བའི་ངང་གསོན་དགོས་ལ། ཡང་མིན་ན་སྨྱུ་གུ་འདིའི་འོག་ནས་རླབས་ཆེ་བའི་ངང་འཆི་དགོས། སྨྱུག་འཛིན་པའི་རུས་གསེང་ན་རུལ་སུངས་ཀྱི་རྐང་མེད། སྨྱུག་འཛིན་པའི་ཤ་གསེང་ན་གཡོ་འཕྲུལ་གྱི་ཁྲག་མེད། སྨྱུག་འཛིན་པ་ནི་ཇི་སྲིད་ནས་ཇི་སྲིད་དུ་གནམ་སྔོན་མོར་མཛུ་གུ་གེར་ཏེ་མིའི་རིགས་ཀྱི་བདེན་དོན་དང་གནས་ལུགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་མཁན་ཡིན།


མཇུག་གི་གཏམ།

དེ་རིང་། བུ་དཔའ་བོས་ཀ་དོན་ཨེ་འགྲུབ་ལྟོས། དྲིན་ཕ་མས་ཀ་ཤུལ་ཨེ་སྐྱོང་ལྟོས། གྲོགས་སྤུན་ཟླས་ཀ་སེམས་ཨེ་རྙེད་ལྟོས། བུ་གཅེས་ལོས་ཀ་ངོ་ཨེ་ཟིན་ལྟོས། འདི་ནི་ངེད་གདོང་དམར་བོད་པ་ཚང་གི་མཐའ་གཅིག་གི་རེ་བ་ཡིན།

གསལ་བཤད། ཉེ་བའི་ཆར་གྱི་རང་རེའི་ཕ་སྐད་མ་ཡིག་གི་ལས་དབང་སྐྱོ་བོ་ལ་གཞིགས་ནས། གྲོགས་པོའི་སྐད་ཡིག་སྐོར་གྱི་ལེགས་རྩོམ་འདི་འོས་སུ་སྦྱར་བ་ལགས་པས། རིགས་མཐུན་ཡོངས་ལ་སྨན་པར་སྨོན།

རྩོམ་ཁུངས། བོད་ནང་གི་སྤྱི་ཚོགས་གླེང་བརྗོད་དེབ། 

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading