ཇོ་རུ།
མི་སེམས་ལ་གཤོག་པ་ཐོགས་པའི་མཚན་མོ་འདིར།
ང་རང་སྲོང་བཙན་གྱི་མཆན་འོག་ནས་འགྲེང་སྟེ།
མཆུ་སྒྲོས་དམར་པོའི་ཀོང་ཇོའི་འཛུམ་བག་ལ་མཆིལ་ཞགས་ཕངས།
བཙན་པོའི་མི་རྒྱུད་དུ་རྒྱ་སོག་ཧོར་གསུམ་གྱི་ཐམ་གས་ལས་བཞེངས་པའི་ལྷ་སྲས་དག
གཅུན་སྐྱག་གོས་ཆེན་གྱི་གཟན་ལ་འདོར་བཞིན་ཕྱོགས་སོར་བྱེར།
དོ་ནུབ། གློག་གཞི་དམར་པོའི་པོ་ཏ་ལའི་སྦུག་ཁང་གི་ཆགས་སྲེད་ཁྲོད།
སྐར་མ་ལྔའི་འོག་གི་མགྲོན་པོ་ཚོར་པཱ་སེ་བཙོང་བར་བྲེལ་བའི་ཇོ་བོ་ཡང་།
ནང་མ་ལྟ་བུའི་མཆོད་ཁང་དེའི་ཆང་མ་རུ་འདར་སིག་སིག་གིས་བཞེངས་ཏེ།
ནག་ཉེས་ཅི་ཞིག་གི་ལྗིད་ཁོག་མ་ཐེག་པར།
གསེར་འོད་ལམ་ལམ་གྱི་རྫི་ཉམས་དོར་ནས་ས་རྡོ་རག་གསུམ་གྱི་རང་གཟུགས་རྗེན་པར་བསྟན།
མ་གཞི་ང་ཚོ་སྐྱེས་མ་ཐག་ཡོད་ཚད་བོར་ཟིན་མོད།
ངས་རྡོ་རིང་ངོས་ཀྱི་ཁ་ཏན་དག་རྡུལ་མཚོན་དུ་སྒྲིག་སྟེ་ས་ཆེན་འདི་ཚལ་བ་དགུ་རུ་གཏོར་ནས།
བཙན་པོའི་བླ་སྲོག་གི་དར་ཤིང་ས་སྒང་རིལ་མོ་འདིའི་སྤྱི་གཙུག་ཏུ་ང་རྒྱལ་གྱིས་བསྒྲེངས།
ཅི་ཡང་མེད་ལ།
ཅི་ཡང་སྒོམ་ཆོག་པའི་མཚན་མོ་འདིར།
ང་དང་ཆང་ཕོར་གཉིས།
རུ་བའི་མདའ་གཞི་ཡིན།
བཙན་པོའི་བང་སོ་ཡིན།
༢༠༡༤ལོའི་ཕྱི་ཟླ་ ༡༢ ཚེས་ ༢༢ ཀྱི་མཚན་ལ།
ངེད་དྲ་ཚིགས།