༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༢ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་འདོད་རྒུ་གླིང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་དགའ་ལྡན་ཁྲི་པ་མཆོག་གིས་དབུས་ཤར་བྱང་ཆོས་རྗེ་རྣམ་གཉིས་དང་། བྱང་ཆུབ་ལམ་རིམ་གསུང་ཆོས་གོ་སྒྲིག་གནང་མཁན་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ། སེར་འབྲས་དགའ་གསུམ་གྱི་མཁན་བླ་སྤྲུལ་དང་གདན་ས་གསུམ་གྱི་དགེ་བཤེས་རྣམ་པ་དང་། བོད་མི་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།
དེ་ཡང་ཐོག་མར་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་ནང་ཆིབས་སྒྱུར་བསྐྱངས་ཏེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་༧གོང་ས་མཆོག་གིས་དེར་འདུས་ཀུན་ལ་འཚམས་འདྲི་དང་། ཉིན་ཤས་སྔོན་ཨི་ཊ་ལིའི་རྒྱལ་ས་རོམ་ནང་སྔ་དྲོ་ནས་ཕྱེད་ཡོལ་ཆུ་ཚོད་ ༦ ཙམ་བར་བགྲོ་གླེང་ལྷན་ཚོགས་གནང་པའི་སྐོར་དང་། ལྡི་ལིར་འབྱོར་མ་ཐག་རུ་སུའི་ནང་ཆོས་དོན་གཉེར་ཅན་ཚོར་སྤྱོད་འཇུག་ཆེན་མོའི་གསུང་ཆོས་སྩལ་སྐོར་བཀའ་གནང་རྗེས། ཐེངས་འདིའི་ཆོས་འབྲེལ་སྐབས་སེར་སྐྱ་མང་ཚོགས་ཁྱོན་མི་གྲངས་ག་ཚོད་འདུག ཅེས་བཀའ་རྩད་ཕེབས་སྐབས་ལམ་རིམ་གོ་སྒྲིག་ཚོགས་ཆུང་གི་ལས་རིམ་ལྟ་ཞིབ་པས་རྒྱལ་ཁབ་ ༣༠ ཙམ་ནས་སེར་སྐྱ་མང་ཚོགས་ཁྱོན་མི་གྲངས་ ༣༠༠༠༠ ཡས་མས་བཅར་ཡོད་པ་དང་གསུང་ཆོས་སྐད་ཡིག་མི་འདྲ་བ་ ༡༡ ནང་གསུང་བསྒྱུར་ཞུ་རྒྱུ་ཡིན་སྐོར་སྙན་སྒྲོན་ཞུས།
ཚེས་ ༢༣ ཉིན་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་བྱང་ཆུབ་ལམ་རིམ་བཀའ་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གཟིམ་ཆུང་ནས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་དགའ་ལྡན་དགོན་པའི་འདུ་ཁང་ཆེན་མོར་གདན་འདྲེན་ཞུས་པ་དང་། བཞུགས་ཁྲིར་༧ཞབས་སོར་འཁོད་མཚམས་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་ཤར་རྩེ་ཆོས་རྗེ་རྣམ་གཉིས་ཀྱིས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་ནས་༸གོང་ས་མཆོག་གིས་ཐོག་མར་སྔོན་འགྲོའི་བཀའ་སློབ་སྩལ་དོན། དེ་རིང་ས་ཆའི་ཁོར་ཡུག་གི་བབ་ལ་བལྟས་ཏེ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་འབྲེལ་བྱེད་རྒྱུ་བྱས་པ་རེད། བླ་མ་མང་པོའི་དྲུང་ནས་ཡོངས་གྲགས་ཀྱིས་ལམ་རིམ་ཁྲིད་ཆེན་ཕལ་ཆེ་བ་ངོས་ལ་ཐོབ་ཡོད། དེ་དག་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་རེ་འདུན་གནང་ནས་ལམ་རིམ་ཁྲིད་ཆེན་ཁག་གི་ཁྲིད་རྒྱུན་ཡོད་པ་རྣམས་བཤད་ལུང་བྱེད་རྒྱུ་ལོ་གཉིས་གོང་ནས་འགོ་བཙུགས་ཡོད་པ་འཕྲོ་སྐྱོང་བྱེད་རྒྱུ་ཡིན། ཞྭ་དམར་ལམ་རིམ་བདེ་ལམ་གྱི་ཟིན་བྲིས་དང་ཞྭ་དམར་རིན་པོ་ཆེས་མཛད་པའི་རྗེའི་ལྷག་མཐོང་ཆེན་མོའི་དཀའ་གནད་ཀྱི་མཆན་འགྲེལ་ཞིག་ཡོད་པ་དེ་གཉིས་པོ་ངོས་ལ་ཨ་མདོའི་བླ་མ་ཞིག་གི་མདུན་ནས་ལེགས་པར་ཐོབ་ཡོད། དེ་ནས་སྐྱབས་རྗེ་བདེ་བར་གཤེགས་པའི་གསུང་རྒྱུན་དྲི་མ་མེད་པ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ལྗགས་ཁྲིད་གནང་བཞག་པ་ལམ་རིམ་རྣམ་གྲོལ་ལག་བཅངས་རེད། སྐྱབས་རྗེ་རང་གི་དྲུང་ནས་ཐོབ་བྱུང་། དེ་རིང་དེ་གཉིས་པོ་རེད། བསྡོམས་ན་ཕལ་ཆེར་ཤོག་གྲངས་ ༧༠༠ ཙམ་འདུག ཉིན་དྲུག་ལ་ཚར་རྒྱུ་ཁག་པོ་ཡིན་ཡང་གང་ཐུབ་ཐུབ་ཚར་བ་བྱས་ནས་མ་ཚར་བ་ལོ་རྗེས་མ་ཏན་ཏན་ཚར་བ་བྱ་རྒྱུ་ཡིན། དེ་རིང་ཆོས་ཞུ་མཁན་ལོ་སྔོན་མ་གཉིས་དང་འདྲ་བར་གདན་ས་གསུམ་གྱི་དགེ་འདུན་པ་གཙོ་བོར་གྱུར་བའི་བཀྲ་ཤིས་ལྷུན་པོ་རེད། དེ་བཞིན་རྣམ་གྲོལ་གླིང་། དེ་དག་ཕལ་ཆེར་བཤད་གྲྭ་ཆེ་ཤོས་ཆགས་ཡོད། གདན་ས་གསུམ་སྔ་མོ་བོད་རང་ནས་ཧ་ལམ་ལོ་ལྔ་བརྒྱ་དྲུག་བརྒྱ་ཕྱིན་ཡོད། རྩ་བ་གདན་ས་གསུམ་དབུས་ལ་ཡོད་ཀྱང་ཡན་ལག་དང་ཉིང་ལག་བོད་མཐའ་དབུས་ཡོངས་སུ་ཁྱབ་ནས། མདོར་ན་ཆེན་པོ་ཧོར་གྱི་ཡུལ་ལའང་ཁྱབ་པས་ཧ་ཅང་ཁྱབ་ཆེན་པོ་རེད། དེ་བཞིན་བཀྲ་ཤིས་ལྷུན་པོ་ནི་ཁུ་ནུ་དང་ལ་དྭགས། ཧི་མཱ་ལ་ཡི་རི་རྒྱུད་ལ་ཧ་ཅང་ཁྱབ་ཆེན་པོ་ཡོད། པད་ནོར་རིན་པོ་ཆེར་མཚོན་ན་ཁམས་ཁུལ་དུ་ཀ་ཐོག དཔལ་ཡུལ། རྫོགས་ཆེན་ཞེས་འདུལ་བ་འཛིན་པ། གཞུང་ཆེན་བཅུ་གསུམ་གྱིས་མཚོན་པའི་གཞུང་དེ་དག་གི་བཤད་པ་ཡོད་པ་ཧ་ཅང་ཡག་པོ་རེད། གདན་ས་དེ་དག་རྒྱ་གར་དུ་ཚུགས་ནས་ལོ་རྒྱུས་ཡོད་པ་ཙམ་དུ་མ་ཟད། ཁ་ཡོད་ལག་ཡོད་ཀྱི་བསྟན་པའི་ཞབས་འདེགས་བསྒྲུབ་མཁན་ཡིན།
ཁ་ཡོད་ལག་ཡོད་ཀྱི་བསྟན་པའི་ཞབས་འདེགས་བསྒྲུབ་ཟེར་བ་ནི་སངས་རྒྱས་ཀྱི་ཆོས་ཚུལ་ལ་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གི་དགོངས་དོན་རྒྱ་གར་མཁས་པའི་གཞུང་གིས་བསྟན་ལ་ཕབ་པ་བྱམས་ཆོས་སྡེ་ལྔ་དང་། དབུ་མ་རིག་ཚོགས་དྲུག་སོགས་གཙོ་བོ་རེད། བཀའ་འགྱུར་པོ་ཏི་བརྒྱ་ཙམ་ཡོད་པའི་ཁྲོད་རྒྱུད་སྡེའི་སྐོར་མང་པོ་ཡོད། རྒྱུད་སྡེའི་སྐོར་གྱི་རྩ་བ་སྟོང་པ་ཉིད་དང་བྱང་ཆུབ་ཀྱི་སེམས་གཞི་ལ་གཞག་ནས་ཡོང་གི་ཡོད། ལྷག་པར་ཏིང་ངེ་འཛིན་དེ་དག་གཞི་ལ་གཞག་ནས་ཡོང་གི་ཡོད། གང་ལྟར་ཀླུ་སྒྲུབ་ཐོགས་མེད་ནས་བརྒྱུད་ཡོང་བའི་གཞུང་དག་ལ་རྒྱུས་ཡག་པོ་ཞིག་ཡོད་ན། སྔགས་ཀྱི་གཞུང་ལ་གོ་བ་གཏིང་ཚུགས་པ་ཞིག་ཆགས་རྒྱུ་རེད། གཞན་ལྷའི་རྣལ་འབྱོར་དང་ལྷ་སྐུ། དཀྱིལ་འཁོར་འདྲ་མིན་སྒོམ་རྒྱུ་ནི་མུ་སྟེགས་པ་ལའང་འདུག ཁྱད་དུ་འཕགས་པ་ཞིག་དགོས་པ་ལ་སྟོང་ཉིད་ཀྱི་ལྟ་བས་བྱེད་ཀྱི་ཡོད། སྟོང་ཉིད་ཀྱི་ལྟ་བ་ཤེས་སྒྲིབ་ཀྱི་གཉེན་པོ་འགྲོ་རྒྱུ་དེ་བྱང་ཆུབ་སེམས་ཀྱིས་བྱེད་ཀྱི་ཡོད། དེར་བརྟེན་བྱང་ཆུབ་སེམས་དང་སྟོང་ཉིད་ལྟ་བ་མེད་ན་སྔགས་ཉམས་ལེན་བྱེད་རྒྱུ་ནི་ཟློས་གར་འཁྲབ་པ་ལྟ་བུ་ཞིག་མ་གཏོགས་ཧ་ཅང་ཁག་པོ་རེད། ཁྱེད་རང་ཚོས་གཞུང་ཆེན་དེ་དག་སློབ་གཉེར་བྱེད་བཞིན་ཡོད་པས་དངོས་གནས་ཁ་ཡོད་ལག་ཡོད་ཀྱི་བསྟན་པའི་ཞབས་འདེགས་བསྒྲུབས་མཁན་ཆགས་ཡོད།
དེ་རིང་འདིར་དགེ་འདུན་འདུས་ཚོགས་ཆེན་པོའི་ནང་དུ་བསྟན་པའི་སྙིང་པོ་བྱང་ཆུབ་ལམ་རིམ་གྱི་ཆོས་འབྲེལ་བྱ་རྒྱུ་ངོས་ལ་སྐལ་བཟང་ཐོབ་པ་རེད། ཧ་ཅང་སྐལ་པ་བཟང་པོ་ཡིན། ཆོས་འབྲེལ་དང་བཤད་ལུང་གི་རྒྱུན་ཐོབ་སོང་ཟེར་བ་ཙམ་གྱིས་འགྲིག་གི་མེད། ལམ་རིམ་ནང་གི་ཁྲིད་ཡིག་གཙོ་བོ་ལམ་རིམ་ཆེན་མོ་འདི་རེད། ལམ་རིམ་ཆེན་མོ་བཀའ་སྡེ་སྣོད་གསུམ་གྱི་དོན་ཆ་ཚང་བསྡུས་ནས་བསམ་གྱི་མི་ཁྱབ་པ་རེད། ལམ་རིམ་ཆེན་མོ་གཞི་མ་ཡག་པོ་ཞིག་ཚུགས་མེད་ན། ལམ་རིམ་ཟིན་བྲིས་ཐ་ངེ་ཐུང་ངེའི་རིགས་ཀྱིས་ས་ཆོད་ཆེན་པོ་ཡོང་རྒྱུ་ཁག་པོ་རེད། དེར་བརྟེན་ལམ་རིམ་ཁྲིད་ཆེན་ཁག་དེ་དག་གུང་བསྒྲིགས་ནས་གཙོ་བོ་རྗེ་རིན་པོ་ཆེས་མཛད་པའི་ལམ་རིམ་ཆེན་མོ་ཡག་པོ་ཤེས་པ་ལ་ཕར་ཕྱིན་ཡག་པོ་ཤེས་དགོས། དགོས་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་དེ་དག་ཤེས་པ་ལ་ཕར་ཕྱིན་མ་ཤེས་པ་ཡིན་ན་འགུལ་སྐྱོད་རྒྱག་ཐུབ་ཀི་མེད། དེའི་འོག་ཏུ་ལྷག་མཐོང་ཆེན་མོ་ཡག་པོ་ཤེས་པར་དབུ་མ་རྩ་འཇུག་གི་གཞུང་ཡག་པོ་ཤེས་དགོས། དེར་བརྟེན་དཔེ་ཆ་ལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་རྒྱུན་དུ་འདི་ལྟར་བརྗོད་ཀྱི་ཡོད། ང་ཚོ་དུས་རབས་ ༢༡ ནང་ལ་བསླེབས་ནས་དངོས་པོ་ཡར་རྒྱས་ཤུགས་ཆེན་པོ་ཕྱིན། ཚན་རིག་གི་ཐོག་ནས་བདེན་དོན་འཚོལ་རྒྱུའི་ནུས་པ་དེ་ཡང་ཧ་ཅང་ཚད་མཐོན་པོར་བསླེབས་ཡོད། ཚན་རིག་པས་བདེན་དོན་འཚོལ་སྟངས་ནི་དངོས་སུ་བརྟག་དཔྱད་ཐོག་ནས་ར་འཕྲོད་པ་ཁས་ལེན་རྒྱུ་མ་གཏོགས་གཅིག་གིས་གསུངས་ཀྱི་འདུག་ཟེར་ནས་ཁས་ལེན་གྱི་མ་རེད། དེ་ཧ་ཅང་ཡག་པོ་འདུག
ང་ཚོ་བོད་པ་ཚོར་མཚོན་ནའང་ལོ་བརྒྱ་ཕྲག་མང་པོའི་རིང་ལ་ས་ཁུག་ལུང་ཁུག་ཁོར་ཡུག་རྒྱ་ཆུང་ཆུང་ཞིག་ནས་བསྡད་ཡོད། ངོས་ཀྱིས་ནམ་རྒྱུན་འདི་ལྟར་བརྗོད་ཀྱི་ཡོད། བོད་གངས་ཅན་ལྗོངས་ཀྱི་མཁས་པ་ཚོས་མཛད་པའི་རྒྱ་འགྲེལ་ལྟ་བུ་གནས་ཚུལ་ཁ་ཁ་རེད། རྩ་བ་རྒྱ་གཞུང་རེད། བོད་རང་གི་མཁས་པ་ཚོས་མཛད་པའི་གཞུང་དེ་དག་ཡག་པོ་བྱས་ནས་མཇལ་ན་ས་ཁུག་ལུང་ཁུག་ཞིག་ལ་ཆེད་དུ་བྱ་བའི་འདུལ་བྱ་དད་པ་རྩེ་གཅིག་ཡོད་མཁན་ཚོར་གསུངས་བཞག་པ་ཞིག་ཆགས་འདུག དེ་ངོས་ཀྱིས་མ་གུས་པ་གང་ཡང་མིན། རྒྱ་གར་མཁས་པའི་གཞུང་རྣམས་དགག་བཞག་སྤང་གསུམ་བྱས་ནས་གསུངས་ཡོད། གཞན་ལུགས་དགག་པ། རང་ལུགས་བཞག་པ། དེ་ལ་རྩོད་པ་སྤང་བའི་ཐོག་ནས་གསུངས་ཡོད། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་བླ་མ་གོང་མ་ཚོས་མཛད་པའི་གཞུང་མང་པོ་གནས་སྟངས་ཤིག་གཞི་ལ་བཞག་ནས་གསུངས་པ་ཞིག་རེད་འདུག དཔེར་ན་ཇོ་བོ་རྗེའི་ལམ་སྒྲོན་ལ་མཚོན་ནའང་ཕལ་ཆེར་མངའ་རིས་ཀྱི་ས་ཁུལ་དེར་ཆོས་རྒྱལ་གྱིས་གསོལ་འདེབས་ཞུ་སྐབས་ཆོས་ཟབ་མོ་མི་དགོས། སྙིང་པོ་བསྡུས་པའི་ཆོས་ཤིག་གནང་རོགས་གནང་ཞེས་སྙན་སེང་ཞུས་ནས་ལམ་སྒྲོན་གསུངས་པ་ཞིག་རེད། ཇོ་བོ་རྗེའི་གསུང་ཁ་ཤས་ནང་མངོན་སུམ་དང་རྗེས་དཔག་ཟེར་བ་དེ་དག་མུ་སྟེགས་པ་ཚར་གཅོད་རྒྱུར་དགོས་པ་མ་གཏོགས་གཞན་སྤྱིར་སྟངས་གལ་ཆེན་པོ་དེ་ཙམ་མ་རེད་ཅེས་ཀྱང་གསུངས་འདུག དེ་དུས་ཀྱི་ཆེད་དུ་བྱ་བའི་ཁམས་དང་མོས་པར་བསྟུན་ནས་ཕེབས་པ་མ་གཏོགས། གཞན་ཇོ་བོ་རྗེ་རང་ཉིད་ཀྱིས་རྟོག་གེ་འབར་བའི་ཁྲིད་མང་པོ་གནང་གི་ཡོད་པའི་ལོ་རྒྱུས་ཡོད། རྒྱ་གར་མཁས་པའི་གཞུང་ལ་མཐའ་དཔྱད་རྒྱུ་ཧ་ཅང་ཤུགས་ཆེན་པོ་ཡོད། དཔེར་ན་སྤྱོད་འཇུག་ལྟ་བུར་མཚོན་ན། དངོས་གནས་ཉམས་ལེན་གྱི་གནད་སྟོན་པའི་གཞུང་། བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུའི་གཞུང་ལ་སྤྱོད་འཇུག་ལས་ལྷག་པ་ཞིག་ད་བར་བྱུང་མྱོང་མེད། བསམ་གྱིས་མི་ཁྱབ་པའི་ཉམས་ལེན་སྟོན་པའི་གཞུང་ཞིག་ཡིན་ཡང་དེའི་ནང་དུ་མཐའ་དཔྱད་པ་ཡོང་གི་ཡོད། དེར་བརྟེན་རྒྱ་གར་གཞུང་གི་མཁས་པའི་འགྲོ་སྟངས་ནི་དགག་བཞག་སྤོང་གསུམ་རེད། ང་ཚོ་བོད་ཀྱི་གཞུང་ཆེན་མོའི་རིགས་དགག་གཞག་སྤོང་གསུམ་གྱི་ཐོག་ནས་ཡོང་གི་ཡོད། དེ་ཧ་ཅང་གལ་ཆེན་པོ་རེད།
དེ་སྔ་ང་ཚོ་བོད་པ་ནི་ཁོར་ཡུག་ཆུང་ཆུང་ཞིག་ནས་བསྡད་པ་རེད། ང་ཚོ་དགའ་དྲག་ནས་ཡངས་པའི་ས་སྟེང་འདིའི་ཐོག་ལ་ཐོན་པ་མ་རེད། མ་ཐོན་ཀ་མེད་ཆགས་པ་རེད། སོ་སོའི་ལུང་པར་དཀའ་ངལ་ཆེན་པོ་འཕྲད་ནས་མིའི་ལུང་པར་ང་ཚོ་བཙན་བྱོལ་བ་ཆགས་ནས་མི་ཡུལ་ས་མཐར་ང་ཚོ་བསྡད་ཡོད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་སེམས་སྐྱོ་པོ་རེད། སོ་སོའི་ལུང་པ་དང་བྲལ། ལུང་པར་དཀའ་ངལ་རབ་དང་རིམ་པ་སླེབས་བསྡད་པ་ཧ་ཅང་ཐབས་སྐྱོ་པོ་རེད། ཡང་ཕྱོགས་གཅིག་ནས་ང་ཚོ་རང་ཉིད་ས་ཁུག་ལུང་ཁུག་ནས་བསྡད་པའི་འཐོམས་སངས་ནས་ཚང་མ་མཐོང་ཐུབ་ཀྱི་ཡོད་པ་རེད། འཛམ་གླིང་ཤར་ནུབ་མཐོང་ཡོང་བ་དེ་ལ་སངས་རྒྱས་པའི་གཞུང་ལས་གསུངས་པའི་མི་རྟག་སྡུག་བསྔལ། སྟོང་བདག་མེད་བཞིའི་ཕྱོགས་བསྡོམས་བརྒྱབ་ཡོད་པའི་ཐོག་ནས་བསམ་བློ་བཏང་ཡོང་དུས་ར་འཕྲོད་རྒྱུ་ཞིག་འདུག དེར་བརྟེན། དུས་རབས་འདི་ཡང་དུས་རབས་ཉེར་གཅིག་པའི་ནང་དུ་སླེབས་ཡོད་པ་རེད། ང་ཚོ་བོད་པ་ལ་ཆ་བཞག་ནའང་ས་ཁུག་ལུང་ཁུག་ནང་ནས་འཛམ་བུ་གླིང་གི་སྒང་ལ་ཐོན་བསྡད་ཡོད་པ་རེད། དེར་བརྟེན་ཕྱི་ནང་གི་གནས་ཚུལ་ཚང་མ་ཤེས་པའི་ཐོག་ནས་སངས་རྒྱས་པའི་ཆོས་ཀྱི་གཞི་ལམ་གྱི་རྣམ་གཞག་ཇི་འདྲ་ཡིན་པ་ཤེས་ནས། སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་བ་ཡིན་ན་དད་པ་དེ་ཧ་ཅང་བརྟན་པོ་ཆགས་པ་རེད། ཅེས་དང་།
ངོས་ཀྱིས་ནམ་རྒྱུན་ཆོས་བཤད་པའི་སྐབས་ལ་སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་སྡེ་ཚན་གཅིག་དང་། དེ་ངོ་འཕྲོད་ནས་གདན་ཐོག་གཅིག་ལ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་སྡེ་ཚན་གཅིག་བྱས་ཏེ་བཤད་ཀྱི་ཡོད། དགེ་འདུན་པ་རྣམ་པ་ཚོས་སྔོན་མ་ནས་གསན་ནས་ཐུགས་རྒྱུས་ཡོད་རེད། བསྐྱར་ཟློས་ཡང་ཟློས་ཆགས་ཀྱི་འདུག་ཀྱང་། དེ་རིང་འདིར་ཡུལ་གྲུ་འདྲ་མིན་ནས་ཆོས་ཞུ་བ་མང་པོ་ཞིག་ཕེབས་འདུག ལྷག་པར་དུ་དེ་སྔ་སངས་རྒྱས་པའི་ཆོས་ལ་འབྲེལ་བ་ཁྱོན་ནས་མེད་པའི་ཡུལ་གྲུ་མང་པོ་ཞིག་ནས་མི་སྣ་འདིར་སླེབས་འདུག དེར་བརྟེན་ནམ་རྒྱུན་སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་བཞིན་པ་དེ་འདིར་ཡང་བསྡུས་པ་ཞིག་བཤད་ཀྱི་ཡིན། དེར་བརྟེན་རྣམ་པ་ཚོས་བསྐྱར་ཟློས་ཡང་ཟློས་བྱས་ནས་བཤད་ཀྱི་འདུག་མ་དགོངས་རོགས། ཕྱོགས་གཅིག་ནས་དེ་སྔ་ཡོང་མ་མྱོང་བ་གསར་པ་མང་པོ་ཞིག་ཕེབས་ཡོད། གཉིས་ནས་གོང་དུ་བཤད་མ་ཐག་པ་ལྟར་དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་བཅོམ་ལྡན་འདས་ཀྱི་ཆོས་ལ་དཔྱད་དགོས་པ་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླངས་པར་བྱ་ཡིས་གུས་ཕྱིར་མིན། ཞེས་གསུངས་ཡོད་པ་འཇམ་མགོན་བླ་མའི་དྲང་ངེས་ལེགས་བཤད་སྙིང་པོའི་མགོ་ན་ཡོད་པས་གཟིགས་མཁན་ཚང་མས་མཁྱེན་གྱི་རེད། གསུང་འདི་ཧ་ཅང་ལྗིད་པོ་ཞིག་རེད། འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་འདྲ་མིན་གྱི་སྟོན་པ་གཞན་སུ་གཅིག་གིས་ཀྱང་འདི་འདྲ་གསུངས་མཁན་བྱུང་མེད། ཅེས་དང་།
འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད། དུང་ཕྱུར་བཅུ་ལྷག་ཅིག་ཆོས་ལ་དད་པ་མེད་པ་དང་ཆོས་ཁས་མི་ལེན་མཁན།ཆོས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ཆོས་བྱེད་མཁན་ནང་ལའང་ཆོས་འབག་ལ་གྱོན་ནས་དོན་ལ་ཚེ་འདིའི་ལྟོ་གོས་དོན་དུ་གཉེར་མཁན་ཆོས་པ་མང་པོའི་ནང་འདུག སྔ་ལོ་ཡི་ཤུའི་བླ་ཆེན་པོབ་གསར་པ་ཡར་ཕེབས་ནས་འཇར་མན་ཡི་ཤུའི་བླ་ཆེན་ཞིག་གནས་དབྱུང་བཏང་བ་རེད། རྒྱུ་མཚན་ནི་ཁོང་གི་སྡོད་ཁང་ནང་རྒྱས་སྤྲོས་ཆེན་པོ་བྱེད་བཞིན་ཡོད་པའི་སྐོར་གྱི་གནས་ཚུལ་དེ་དུས་ཚགས་པར་ནང་དུ་སླེབས་སོང་། དེར་བརྟེན་ཡི་ཤུའི་ཆོས་དཔོན་ཞིག་གི་ངོས་ནས་ལྷ་ཁང་ནང་ཆོས་འཆད་སྐབས་འདོད་ཆུང་ཆོག་ཤེས་དགོས་སྐོར་གསུང་གི་རེད། ཡི་ཤེས་ཆོས་པ་ཚོས་ཧ་ཅང་ཉམས་ལེན་བྱེད་བཞིན་འདུག ཡི་ཤུའི་དགོན་པའི་ནང་དུ་གྲྭ་བ་དང་བཙུན་མ་ཚོ་ཧ་ཅང་འདོད་ཆུང་ཆོག་ཤེས། སོ་སོའི་ཤག་གི་ནང་དུ་བདེའི་ངང་བསྡད་ཀྱི་འདུག ངོས་རང་སྔོན་མ་ཧྥ་རིན་སིའི་ལྷོ་ཕྱོགས་ཀྱི་ཡི་ཤུའི་དགོན་པ་ཞིག་ཏུ་སླེབས་སོང་། དགོན་པ་དེར་མི་གང་བྱུང་མང་བྱུང་གཏོང་གི་ཡོད་པ་མ་རེད་ཟེར། ངོས་ལ་ཡོང་རོགས་ཟེར་གྱི་འདུག་པས་ཕྱིན་པ་ཡིན། ཡི་ཤུའི་གྲྭ་བ་ཚོ་དགོན་པ་དེའི་ནང་དུ་འཛུལ་བ་ཡིན་ན་དགོན་པ་དེ་རང་ནས་འདུག་པ་ལས་ཕྱི་ལ་འགྲོ་ཆོག་གི་མི་འདུག ཤི་དུས་ཕུང་པོ་དགོན་པའི་གཡས་གཡོན་དེར་སྦས་ཀྱི་འདུག དགོན་པའི་མཁན་པོ་དེས་ངོས་སྣེ་ལེན་བྱེད་སྐབས་ཁོང་གིས་ལྷམ་ཧ་ཅང་སྟབས་བདེ་ཞིག་ལས་གྱོན་མི་འདུག གང་ལྟར་ཡི་ཤུའི་ཆོས་པ་ཚོས་འདོད་ཆུང་ཆོག་ཤེས་བྱས་ནས་འདུག་དགོས་པ་ཡིན་དུས་འཇར་མན་གྱི་ཡི་ཤུའི་ཆོས་དཔོན་དེས་ལྷ་ཁང་ནང་མི་ལ་འདོད་ཆུང་ཆོག་ཤེས་བྱེད་དགོས་པ་རེད་ཅེས་ལབ། སོ་སོའི་ཤག་ལ་རྒྱས་སྤྲས་ཆེན་པོ་བྱས་ཏེ་བསྡད་པས། དེ་འགྲིག་གི་མི་འདུག་ཅེས་ཡི་ཤུའི་བླ་ཆེན་གྱིས་གནང་དབྱུང་བཏང་བ་རེད། དེ་རིང་འདིར་ཁྲི་རིན་པོ་ཆེ་མཆོག་དང་། གདན་སའི་མཁན་པོ་ཚོའང་ཡོད། ཁྱེད་ཚོས་ཁུར་ཆེ་ཙམ་བླངས་ནས་ཁ་ཡོད་ལག་ཡོད་ཅིག་དགོས་པ་རེད་མ་གཏོགས། མེད་པ་ཅིག་ལ་ཡོད་མདོག་མདོག་བྱས་ནས་བསྡད་ན། བླུན་པོས་བླུན་པོ་མགོ་སྐོར་ཟེར་བ་དེ་ཆགས་རྒྱུ་རེད། བསྟན་པ་སྤྱི་ལ་གནོད་རྒྱུ་རེད། གང་བྱུང་བྱེད་མཁན་འདུག་ན་ཐུགས་རྗེ་ཆེ་ཟེར་ནས་གནས་དབྱུང་གཏོང་དགོས། ཁྱེད་ཚོས་ཡི་ཤུའི་བླ་ཆེན་ཚོར་དཔེ་ལྟ་དགོས། ཞེས་སོགས་བཀའ་སློབ་སྩལ་ཏེ་ཉིན་དང་པོའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་རེད།
ཡོང་ཁུངས་༧གོང་ས་མཆོག་གི་དྲ་ཚིགས།