གནམ་གཤིས་ཇེ་འཁྱགས་ལ་སོང་བ་དང་། ཉི་མ་ཇེ་ཐུང་དུ་སོང་བ་གཉིས་ཀྱིས་ང་ཚོ་ཁང་པའི་ནང་དུ་སྡོད་དགོས་པ་བཟོ་བཞིན་ཡོད་པས། དགུན་ཁ་ཐོན་དུས་ང་ཚོར་འགུལ་སྐྱོད་ཉུང་བ་དང་། ཆུ་སོགས་འཐུང་རྒྱུའང་ཇེ་ཉུང་དུ་འགྲོ་གིན་ཡོད། དེ་བས་དགུན་དུས་སུ་ང་ཚོའི་ཉོབ་སྣང་དང་སུན་སྣང་སོགས་ཀྱང་རང་བཞིན་གྱིས་ཆེ་བ་ཡོད་ལ། དེས་ཉེར་ལེན་གྱིས་དགུན་ཁར་ང་ཚོར་ན་ཚའང་འདྲ་མིན་ཞིག་ཕོག་གི་ཡོད། དགུན་གྱི་དུས་ཚུགས་རང་བཞིན་གྱི་ནད་རིགས་མང་པོ་ཞིག་ནི་ཡམས་འགོག་མ་ལག་གི་ནུས་སྟོབས་ཞན་པ་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། བྱིས་པ་དང་། ལོ་ལོན། ནད་གཞི་གཞན་ཡོད་མཁན་མང་པོ་ཞིག་རྐྱེན་ཆུང་ངུ་འདི་འདྲར་བརྟེན་ནས་འཆི་ལམ་དུ་འགྲོ་གི་ཡོད། དེས་ན་ནམ་ཟླ་དགུན་ཁ་སླེབས་དུས་ཁྱེད་ཀྱིས་ངེས་པར་དུ་ཤེས་དགོས་པའི་གནད་དོན་འགའ་ཞིག་ངོ་སྤྲོད་བྱེད།
འགུལ་སྐྱོད་མེད་པར་སྡོད་མི་རུང་།
“སྨྲེང་ཚོར་གྱི་ལོ་ཐོ་” (The Emotional Calendar) རྩོམ་པ་པོ་སྟེ། ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པ་བ་རྗོན་ཤཱབ་ (Dr. John Sharp) ལགས་ཀྱིས་ “འགུལ་སྐྱོད་བྱེད་རྒྱུ་འདི་ཁམས་དྭངས་པར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད་” ཟེར། ལུས་ལ་འགུལ་སྐྱོད་འོས་འཚམས་ཤིག་ཐོབ་པར་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཡིན། འགུལ་སྐྱོད་མེད་ན་སེམས་ཁམས་མི་བདེ་བ་དང་། སེམས་ཁམས་མ་དྭངས་པ་དང་། སེམས་ངལ་བྱུང་བ་བཅས་ཀྱིས་ང་ཚོའི་ལུས་ཀྱི་ཡམས་འགོག་མ་ལག་གི་ནུས་པ་ཇེ་ཞན་དུ་གཏོང་གི་ཡོད།
དུད་ཆང་དང་མ་འགྲོགས།
ཁང་པ་མགོར་གོན་ནས་སྡོད་དུས་མི་མང་པོ་ཞིག་གིས་རང་བཞིན་གྱིས་ཐ་མག་མང་པོ་འཐེན་པ་དང་། གྲོགས་པོ་གྲོགས་མོ་ལྷན་དུ་འཛོམས་ནས་ཆང་འཐུང་གི་ཡོད། དུ་ཆང་གཉིས་ཀས་གློ་བ་དང་མཆིན་པ་ཙམ་མ་ཡིན་པར། མིའི་ཡམས་འགོག་མ་ལག་གི་ནུས་པ་གཞོམ་པ་དང་། ལུས་ཀྱི་ཕྲ་ཕུང་མང་པོ་ཞ་བོར་གཏོང་གི་ཡོད།
འཕྲོད་བསྟེན་ལ་སྨན་པའི་འཚོ་བའི་ཐབས་ཇུས་ལ་འཇུག་པ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གི་འཕྲོད་བསྟེན་སྡེ་ཁག་གིས་བླང་བྱ་བཏོན་པ་ལྟར་ན།ཟས་དང་སྤྱོད་ལམ་བདེ་ཐང་ལ་སྨན་པ་ཞིག་བསྟེན་རྒྱུ་ནི་རང་སྲུང་གི་གོམ་པ་ཨང་དང་པོ་དེ་ཡིན། འཕྲོད་བསྟེན་བཟའ་བཏུང་བསྟེན་རྒྱུ་དང་། ལུས་རྩལ་རན་འཚམས་རྩེས་རྒྱུ། དུས་རྒྱུན་སེམས་ཁམས་དྭངས་མོར་ཉར་རྒྱུ་བཅས་ནི་ལུས་ཀྱི་ཡམས་འགོག་མ་ལག་གི་ནུས་པ་བསྐྱེད་སྲིང་དང་རྒྱུན་འཁྱོངས་བྱེད་ཐབས་ཡག་ཤོས་དེ་ཡིན། དུས་ཚིགས་རང་བཞིན་དང་། ཁོར་ཡུག་རང་བཞིན་གྱི་གེགས་རྐྱེན་ཁག་ལས་རང་ཉིད་སྲུང་སྐྱོབ་བྱེད་ཐུབ་ཚེ། དེས་ཁྱོད་ཀྱི་ཡམས་འགོག་མ་ལག་གཙོ་བོར་གྱུར་བའི་ལུས་ཀྱི་ཆ་ཤས་ཀུན་ལ་ནུས་སྟོབས་བླ་ན་མེད་སྩོལ་བ་ཡིན། དུས་རྒྱུན་སེམས་ལ་འཛིན་དགོས་པའི་གནད་དོན་ཁག་ཅིག་ནི།
-
ཐ་མག་མ་འཐེན། གལ་སྲིད་ཁྱེད་རང་ཐ་མག་མི་འཐེན་མཁན་ཞིག་ཡིན་ཚེ། གཞན་གྱིས་ཐ་མག་འཐེན་དུས་ཁོང་ཚོ་དང་ལྷན་དུ་མ་སྡོད།
-
དུས་རྒྱུན་ཤིང་ཏོག་དང་། སྔོ་ཚལ། ཡོངས་འདུས་འབྲུ་རིགས། ཚིལ་ཞགས་ཉུང་བའི་ཟས་རིགས་ཟོས།
-
རྒྱུན་ཆགས་ཀྱི་ལུས་རྩལ་རྩེས།
-
ལུས་ཀྱི་ལྗིད་ཚད་རན་འཚམས་ཤིག་ཉར། རྒྱགས་དྲགས་ན་ནད་མང་།
-
ཁྲག་ཤེད་ལ་ཚོད་འཛིན་བྱོས།
-
ཆང་འཐུང་མཁན་ཞིག་ཡིན་ན། གང་ཉུང་ཉུང་བྱོས།
-
འདང་ངེས་ཀྱི་གཉིད་ཁུགས། དཔེར་ན་མཚན་མོའི་ཆུ་ཚོད་11 ནས་ཞོགས་པའི་ཆུ་ཚོད་6 བར།
-
རྒྱུན་དུ་ལག་པ་འཁྲུ་བ་དང་། ཤ་སོགས་ལེགས་པར་བཙས་ནས་བཟའ་བ་སོགས་བྱས་ན་གཉན་ནད་ལས་གཡོལ་ཐབས་བྱོས།
-
ལོ་རེར་སྨན་པ་བསྟེན་པ་དང་། ལུས་བཤེར་བྱས་པ། སྔོན་འགོག་སྨན་ཁབ་རྒྱག་པ་སོགས་བྱོས།
ཚད་བརྒལ་རྒྱགས་པ་ཡིན་ན་ངེས་པར་དུ་ཐ་མག་སྤོང་དགོས། ཚད་བརྒལ་རྒྱགས་པ་ཚོས་ཐ་མག་འཐེན་ན་གཅིན་སྙི་ནད་གཞི་ཕོགས་ཉེན་གཞན་དང་བསྡུར་ན་ལྡབ་བཞི་བཅུ་ལྷག་གིས་ཆེ།
ཡོང་ཁུངས་བོད་ཀྱི་སྤྱི་ཚིགས་འཕྲོད་བསྟེན་དྲ་བ།