ཉིན་ཞིག་ལ་དྭགས་པའི་སྤོ་བོ་ཞིག་སྒོར་མོ་ལྔ་བརྒྱ་ཐམ་པའི་དངུལ་ལོར་ཞིག་ཁྱེར་ནས། བོད་པའི་ཨ་ཅག་ལགས་ཤིག་ལ། སྐུ་མཁྱེན།སུག་སུག་ཞིག་གཏོང་རོགས།ལབ་པར། བོད་པའི་ཨ་ཅག་ལགས་དེ་ངོ་ཚ་ཐག་ཆོད་ནས་གདོང་དམར་རྐྱང་ཆགས་པ་རེད། ད་དུང་ལ་དྭགས་སྤོ་བོ་ལགས་དེས་མུ་མཐུད་ནས།སྐུ་མཁྱེན། སུག་སུག་ཞིག་གཏོང་རོགས།ལབ་པས། ཨ་ཅག་ལགས་དེ་བས་ཀྱང་ངོ་ཚ་པོ་ཆགས་པ་རེད། བོད་པའི་ཨ་ཅག་ལགས་ཀྱི་འགྲམ་དུ་བོད་པའི་མི་ལ་དྭགས་ཀྱི་སྐད་ཤེས་མཁན་ཞིག་ཡོད་པ་དེས་ཨ་ཅག་དེར། སྒོར་ལྔ་བརྒྱ་ཐམ་པའི་སིལ་མ་གནང་རོགས་ཞེས་ལབ་ཀྱི་འདུག་བྱས་པར། ཨ་ཅག་ལགས་གད་མོ་ཤོར་ཐག་ཆོད་དེ།ངའི་བསམ་པར་གཞན་པ་དེ་ལབ་ཀྱི་ཡོད་རེད་བསམ་བྱུང་།ཞེས་བརྗོད་པར་ཁོང་གཉིས་གད་མོ་གྲོད་པ་ན་ན་ཤོར་བ་རེད།


     ཉིན་ཞིག་སློབ་གྲྭ་གྲོལ་མཚམས་ཕྲུ་གུ་ཞིག་ངུ་བཞིན་རང་ཁྱིམ་ལ་འབྱོར་བ་རེད། ཨ་མ་དེས།ཁྱེད་གང་བྱས་ནས་ངུ་ཡི་ཡོད་དམ།ཞེས་དྲིས་པར། བུ་དེས།ངས་དུག་སྦྲང་ཞིག་བསད་པ་ཡིན་པས་སློབ་གྲྭ་ནས་ཕྱིར་ཕུད་བཏང་བྱུང་བས་ང་ངུ་ཡི་ཡོད།ཅེས་བཤད་པ་རེད།དུག་སྦྲང་བསད་པས་སློབ་གྲྭ་ནས་ཕྱིོར་ཕུད་བྱས་པ་ངས་གོ་མ་མྱོང་། ཁྱེད་རང་དྲང་པོ་ཤོད་མ་གཏོགས།ཞེས་ཨ་མས་དངངས་འཚབ་དང་བཅས་བཤད་པར། བུ་དེས།ང་ཚོའི་སློབ་སྤྱིའི་དབུ་ཡི་སྐྲ་མེད་ས་དེའི་སྟེང་དུ་དྲུག་སྦྲང་ཞིག་བབ་འདུག་པས་ངས་སེམས་ཀྱིས་མ་བཟོད་པར་སློབ་སྤྱིའི་དབུའི་སྟེང་གི་དུག་སྦྲང་དེར་ལག་པ་བཀྱགས་ཏེ་ཤུགས་གང་ཡོད་བརྒྱབ་ནས་བསད་པ་ཡིན་པས། སློབ་སྤྱིས་ང་ལ་ཐུགས་རྗེ་ཆེ་གསུང་རྒྱུའི་ཚབ་ཏུ་ང་སང་ཉིན་ནས་བཟུང་སློབ་གྲྭར་ཡོང་མི་དགོས་ཞེས་གསུངས་བྱུང་།ཞེས་བཤད་པ་རེད།

ཡོང་ཁུངས་གཞན།  ཡི་གེ་བ་གྲུ་ལྷོ་སྐལ་བཟང་ཕུན་ཚོགས།

དཔྱད་མཆན་སྤེལ།

%d bloggers like this: