བཤད་མཁན། དོལ་པོ་ངག་ལྷུན།

     ངའི་ཕ་ཡུལ་ལ་ཐོན་པའི་ཡིད་སྐྱོའི་གནས་ཚུལ་གང་མང་ཞིག་གིས་ང་དང་ང་འདྲ་བའི་མི་གང་མང་ཞིག་ལ་ཅི་བྱ་གཏོལ་མེད་ཀྱི་སེམས་ནད་ཅིག་བཟོས་ཡོད་ངེས། ལྷག་པར་དུ་ངའི་ཕ་ཡུལ་ལ་མཚོན་ན་༢༠༡༤ ལོ་འདི་ནི་ཅི་འདྲའི་ལོ་ནག་ཅིག་ཡིན་ཨང་།

    ངའི་ཕ་ཡུལ་ནི་དོལ་པོ་ཡིན། ལོ་རྒྱུས་ཐོག་གནའ་བོའི་ཞང་ཞུང་གི་ཁོངས་སུ་གཏོགས་ཤིང་མངའ་རིས་དོལ་པོ་ཞེས་ཡུལ་མི་ཚོའི་ངག་རྒྱུན་དུ་ཡོད། ཕྱིས་སུ་བོད་སིལ་བུར་ཐོར་རྗེས་བཙན་པོའི་རྒྱལ་རྒྱུད་ཀྱི་རྒྱལ་ཕྲན་ཡ་ཙེ་འཛུམ་གླང་དང་། མང་ཡུལ་གུང་ཐང་། ཕྱིས་ཀྱི་གློ་བོ་རྒྱལ་རྒྱུད་བཅས་ཀྱི་ཁོངས་སུ་ཕར་རྩོད་ཚུར་རྩོད་ཀྱི་བར་དུ་གནས། ཡིན་ནའང་ད་ལྟའི་ཆར་བོད་མི་རིགས་འདི་འཛམ་གླིང་གི་ཡུལ་གྲུ་གང་སར་ཐོར་བ་དང་མི་རིགས་ལ་དབང་མྱོང་བའི་རང་གི་ཕ་གཞིས་དྲོན་མོ་ཡང་མཐའ་འཁོར་རྒྱལ་ཁབ་པ་ཀི་སི་ཐན། ཨཕ་གྷ་ནི་སི་ཏན། རྒྱ་གར། བལ་ཡུལ། འབྲུག རྒྱ་ནག་ལ་སོགས་གང་མང་ཞིག་གི་མངའ་ཁོངས་སུ་ཐོར་ཡོད་པའི་གནས་ཚུལ་དང་འདྲ་བར་ངའི་ཕ་ཡུལ་ཡང་དུས་རབས་བཅུ་དགུའི་མཇུག་ཙམ་ནས་ལོ་རྒྱུས་ཀྱི་གསལ་ཆ་གང་ཡང་མེད་པར་རིམ་པས་བལ་ཡུལ་གྱི་རྒྱལ་ཁོངས་སུ་གཏོགས་པར་གྱུར།

མི་ཚོས་ང་གང་ནས་ཡིན་སྐོར་དྲི་དུས་ངས་འགྲིག་མིན་ལ་མི་ལྟ་བར་རང་ཉིད་མི་རིགས་རིག་གཞུང་དང་། ལོ་རྒྱུས་ཀྱི་ཆ་ནས་བོད་མི་ཞིག་ཡིན་ནའང་། ད་ལྟའི་ཆབ་སྲིད་ཀྱི་ངོས་ནས་བལ་པོ་ཡིན་ཚུལ་བརྗོད་ཀྱི་ཡོད། བལ་ཁོངས་སུ་གཏོགས་པའི་བོད་རིགས་གནས་སྡོད་ཡུལ་གྲུ་གང་མང་ཞིག་དུས་ཀྱི་འགྱུར་བ་དང་སྡོངས་ཏེ་མི་རིགས་རང་གི་ཁྱད་ཆོས་བརླགས་ཏེ་བལ་ཁོངས་སུ་རབ་རིབ་ཏུ་གྱུར་ཡོད།

ད་ཆ་བལ་ཡུལ་དུ་གྲངས་མང་མི་རིགས་ཀྱི་གནོད་འཚེ་ཆེན་པོ་ཐེབས་མ་ཐུབ་པའི་བོད་རིགས་ཡུལ་གྲུ་འགའ་ཤས་ཡོད་པ་ལས་ངའི་ཕ་ཡུལ་དེའི་ནང་ཚུད་ཡོད། དེའི་རྒྱུ་མཚན་ཡང་དེང་རབས་ཀྱི་འགྲུལ་ལམ་དང་བརྡ་འཕྲིན་གྱིས་སྙོབ་མ་ཐུབ་པར་ལུས་པའི་རྐྱེན་ལ་ཐུག་པ་ཡིན་སྲིད། བལ་ཡུལ་ནི་དེང་སང་འཛམ་གླིང་གི་སྣང་ངོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་དང་། ཤེས་ཡོན་གྱིས་མ་འདང་བ་དང་། རྙོག་དྲས་གཡོགས་ཤིང་། ཡར་རྒྱས་དལ་བའི་རྒྱལ་ཁབ་ཅིག་ཡིན་པ་མ་བཤད་ནའང་ཚོར་རྒྱུ་ཞིག་ཡིན།

དེ་སྔོན་བལ་ཡུལ་དེ་རྒྱལ་རྒྱུད་ཀྱིས་བཟུང་དུས་དོལ་པོ་དང་དོལ་པོ་འདྲ་བའི་བོད་རིགས་གང་མང་ཞིག་ཧིན་དུ་དང་བལ་པོར་བསྒྱུར་རྒྱུའི་སྲིད་བྱུས་གང་མང་ལག་བསྟར་བྱས་ཡོད། དེའི་ཤུགས་རྐྱེན་དང་རྗེས་ཤུལ་ད་ལྟའང་གསལ་ཐིང་ངེར་གནས་ཡོད། མ་གཞི་ནས་བྲམ་ཟེའི་རིགས་ཀྱི་སྣང་ངོར་བོད་རིགས་རྣམས་ནི་ཚངས་པའི་རྐང་འོག་ནས་སྐྱེས་པ་ཡིན་པས་བྲམ་ཟེའི་དབང་སྒྱུར་འོག་གི་རྒྱལ་ཁབ་བལ་ཡུལ་ལྟ་བུས་བོད་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཁག་ལ་དེ་ཙམ་གྱི་ལྟ་སྟངས་ལེགས་པོ་ཞིག་བསྐྲུན་ཐུབ་མེད་པ་རེད། ད་ལྟའང་དོལ་པོ་པ་རྣམས་ཀྱི་མི་སེར་དཔང་ཡིག་ལག་ཁྱེར་གྱི་ངོས་སུ་རང་མིང་གི་རྗེས་སུ་བྲམ་ཟེའི་མི་རིགས་ཁག་གི་རིགས་མིང་བཀོད་ཡོད་པ་རེད། གལ་སྲིད་ང་ཚོས་དེ་མ་བཀོད་ན་ཕ་མེས་ཀྱི་ཐོབ་ཐང་དཔང་ཡིག་དང་མི་མཐུན་ཚུལ་གླེང་ཏེ་ཐོབ་ཐང་དཔང་ཡིག་གི་རིགས་མིང་དེ་བརྗེ་རྒྱུར་ངོས་ལེན་མི་བྱེད་པ་ཡིན།

ད་དུང་བོད་རིགས་གནས་སྡོད་ས་ཆ་འགའ་ཤས་ལ་བལ་གཞུང་གིས་བོད་རིགས་རྣམས་ཀྱི་མིང་བལ་མིང་ལ་བསྒྱུར་འགོད་ཀྱང་བྱས་ཡོད། དེང་སང་ཕྱི་རྒྱལ་མི་རིགས་ཁག་གིས་བོད་རིགས་རྣམས་ལ་སློབ་སྦྱོང་ལ་སོགས་ཕྱོགས་གང་ཐད་ནས་རོགས་སྐྱོར་གང་མང་བྱེད་ཀྱིན་ཡོད་པས་ང་ཚོའི་རྫོང་ཐོག་གི་བལ་གཞུང་དཔོན་པོ་ཚོས་བལ་རིགས་རྣམས་ལས་བོད་རིགས་རྣམས་ལ་རོགས་སྐྱོར་མང་བ་བྱས་པར་ཁྲོ་ཚིག་ཀྱང་ངག་ནས་ཐལ་ཚུལ་མི་སེར་གྱི་ངག་ནས་གོ་རྒྱུ་འདུག

ལོ་ངོ་འདི་དག་གི་རིང་བོད་རིགས་རྣམས་ལ་བལ་པོའི་མཁྲེགས་འཛིན་ཅན་གྱི་དཔོན་རིགས་ཁག་གིས་མཐོང་ཆུང་གི་སྲིད་བྱུས་གང་མང་སྤེལ་ཡོད། འདི་ལོར་ངའི་ཕ་ཡུལ་ལ་མཚོན་ན་དཀའ་ངལ་དུ་མ་རིམ་པས་ཕྲད་ཅིང་། དེ་ཡང་ལོ་རེར་ཕ་ཡུལ་གྱི་རྩ་ཐང་དུ་སྐྱེ་བའི་དབྱར་རྩྭ་དགུན་འབུ་རྐོ་བར་བལ་ཡུལ་རྒྱལ་ཡོངས་ཀྱི་མི་སྟོང་ཕྲག་མང་པོ་སླེབ་ཀྱི་ཡོད་པ་དང་། དེ་དག་ལ་སྲིད་གཞུང་གི་ངོས་ནས་ལྟ་རྟོག་སོགས་ཧ་ལམ་བྱེད་མ་མྱོང་བ་རེད།

ཕྱུགས་རིགས་གསོ་ཉར་དང་། ཞིང་ལས་ལ་བརྟེན་པའི་ས་གནས་མི་དམངས་ལ་མཚོན་ན། ལོ་ངོ་བཅུ་ཕྲག་གཉིས་གསུམ་གྱི་རིང་ལོ་རྟག་པར་མི་འབོར་མང་པོ་ཞིག་གིས་སྤང་ཐང་བརྐོས་ཤིང་ཛར་ཛོར་མང་པོ་གཡུགས་ཏེ་ཁོར་ཡུག་ལ་དོ་ཕོག་ཧ་ཅང་ཆེ་བའི་རྐྱེན་གྱིས་ས་གནས་ཕྱུགས་རིགས་མང་པོར་གོད་ཆགས་བྱུང་བ་དང་། ཆར་ཆུ་དུས་སུ་མ་བབས་པ་དང་། འབུད་ཤིང་གི་དོད་དུ་ཤིང་རློན་མང་པོ་གཅོད་འབྲེག་བྱས་པས་འབུད་ཤིང་རྫོགས་པ་སོགས་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་བཞིན་ཡོད།

དེའི་རྐྱེན་པས་ཡུལ་མི་ཚོས་དབྱར་རྩྭ་དགུན་འབུ་རྐོ་མཁན་ལ་ཚོད་འཛིན་བྱ་རྩིས་བྱས་ཀྱང་བོད་རིགས་མི་འབོར་ཉུང་རྐྱེན་གྱིས་ས་གནས་གཞན་གྱི་མི་ཚོས་ཐུབ་ཚོད་བཏང་བར་མགོ་མ་སྒུར་ཀ་མེད་བྱུང་བ་དང་། སྲིད་གཞུང་གི་རྒྱབ་སྐྱོར་མེད་པས་རྒྱལ་ཡོངས་ཀྱི་མི་འབོར་ཆེན་འབུ་རྐོ་བར་སླེབ་ཀྱི་ཡོད། ལོ་རེར་འབུ་ཁྲལ་ཞེས་སྒོར་མོ་འགའ་ལོ་འགའ་ཤས་སྔོན་ནས་སྡུད་བཞིན་ཡོད་པ་དེའང་འཇིགས་སྣང་དང་རྙོག་དྲ་གང་མང་བརྒྱུད་དེ་སྡུད་ཐུབ་ཙམ་བྱུང་ཡོད་ནའང་། འདི་ལོར་མཚོན་ན། སྲིད་གཞུང་གིས་དྲག་ཆས་ཉེན་རྟོག་པ་(armed force) བཏང་སྟེ་ཡུལ་མིས་སྲིད་གཞུང་ལ་ཆོག་མཆན་མ་ཞུས་པར་ཁྲལ་བསྡུས་པའི་ཉེས་མིང་འོག་ཡུལ་མིས་བསྡུས་པའི་ནེ་སྒོར་འབུམ་༧ འཕྲོགས་པ་དང་། གཞན་ལྷག་ལུས་འབུ་རྐོ་མིའི་ལག་ནས་ཉེན་རྟོག་པ་རང་གིས་ཁྲལ་བསྡུས་ཏེ་སྒེར་བཟའ་བྱས། དེའི་ནང་ཕལ་ཆེར་ནེ་སྒོར་འབུམ་༥༠ བརྒལ་ཡོད། འདིའི་རྐྱེན་པས་ཡུལ་མིས་འབུ་ཁྲལ་རྣམས་ཕྱིར་སྤྲོད་དགོས་ཚུལ་བཤད་པ་ལ་དམག་མིས་མ་སྤྲད་པར་བརྟེན་རྙོག་དྲ་རྒྱ་ཆེར་གྱུར་ཏེ། ཉེན་རྟོག་པས་མི་དམངས་ཐོག་མེ་མདའ་གང་བྱུང་དུ་བརྒྱབས་པ་དང་མི་དམངས་ཀྱིས་ཀྱང་རྡོ་གཞུ་བ་སོགས་བྱས་ཏེ་མཐར་མི་དམངས་བཅུ་ཕྲག་འགའ་ཚབས་ཆེར་རྨས་པ་དང་ཉེན་རྟོག་པ་གཉིས་གསུམ་ཞིག་ཀྱང་རྨས།

ད་དུང་ཡ་ང་བ་ཞིག་ལ་ཡུལ་མི་རྨས་མ་གཉིས་ཉིན་རྗེས་མ་དེ་རང་ལ་འདས་གྲོངས་སུ་གྱུར་ཡོད། ཉིན་དེར་ཉེན་རྟོག་པས་རྒན་ཁོགས་ལོ་ན་དྲུག་བཅུ་བདུན་བཅུ་ཅན་འགའ་ལའང་ཉེས་བརྡུང་དྲག་པོ་བཏང་འདུག་ལ་སྐྱེས་ཕོ་མོ་མེད་པར་ཡོད་ཚད་ལ་གང་བྱུང་དུ་ཉེས་བརྡུང་བཏང་ཞིང་བྲོས་མཁན་རྣམས་ལ་མེ་མདའ་བརྒྱབས་པ་གང་མང་བྱུང་། ཉིན་འགའི་རིང་ཉེན་རྟོག་པ་རྣམས་ཡུལ་མི་རེ་རེའི་ཁང་པར་སྔོག་གཤེར་གྱིས་སྐྱེས་པ་ཐེབས་ཚད་ལ་ཉེས་རྡུང་གང་བྱུང་དུ་བཏང་བ་དང་འཛིན་བཟུང་བཙན་ཁྲིད་བྱས་པ་སོགས་བྱུང་བས། སྐྱེས་པ་རྣམས་ཉིན་གཉིས་གསུམ་རིང་རི་མགོར་བྲོས་ཏེ་ཡིབ་སྡོད་བྱེད་དགོས་བྱུང་ཡོད། སྐབས་དེར་འཛིན་བཟུང་བཙན་ཁྲིད་ཐེབས་པའི་ཁྲོད་ཀྱི་རོགས་པ་ཞིག་གིས་ཁོ་ཚོར་ཉེན་རྟོག་པས་བཅར་རྡུང་བྱེད་སྐབས་ཉེན་རྟོག་པ་འགོ་གཙོ་ཞིག་གིས།འདི་བལ་ཡུལ་རེད་མ་གཏོགས་ཁྱེད་ཚོ་བོད་རིགས་རྣམས་ཀྱི་རྒྱལ་ཁབ་མ་རེད།ཅེས་གཤེ་གཤེ་བཏང་བྱུང་ཟེར།

ཉིན་འགའི་རྗེས་སུ་དོལ་པོ་རྫོང་གི་རྫོང་དཔོན་ཐད་ཕུར་རྣམ་གྲུ་བརྒྱུད་ང་ཚོའི་གྲོང་ཚོར་སླེབས་ཏེ་མི་དམངས་དང་། ཉེན་རྟོག་པའི་དབར་གླེང་མོལ་གྱིས་གནས་སྐབས་རིང་གླེང་རྙོག་དེ་ཞི་འཇམ་དུ་གཏོང་ཁུལ་བྱས་ཀྱང་། ད་དུང་ཡ་ང་བ་དང་། ཐབས་སྡུག་པ་ཞིག་ལ་ཡུལ་མི་ཚོ་ནི་ཉེན་རྟོག་པས་རང་མི་བསད་རྨས་བྱས་པར་སྡུག་བསྔལ་དང་ཞེ་སྡང་ལངས་ཡོད་པས་དེ་ལ་དྲང་བདེན་གྱི་ཐག་ཆོད་ཅིག་དགོས་ཚུལ་རྫོང་དཔོན་ལ་ཞུས་ཀྱང་། དོན་དངོས་ཀྱི་གནས་ཚུལ་ནི་ཕ་ཡུལ་དུ་སླེབས་པའི་དྲག་ཆས་ཉེན་རྟོག་པ་དང་གཞུང་གི་ལས་བྱེད་པ་རྣམས་ཀྱིས་སྔ་ས་ནས་རྫོང་ལ་འབྲེལ་བ་བྱས་ཏེ། མི་དམངས་ཀྱིས་ཁོ་ཚོར་དོན་མེད་དུ་རྡོ་བརྒྱབས་ཚུལ་སོགས་ཀྱི་ཁ་མཆུ་བཙུགས་ཚར་བ་དང་། མི་བསད་པ་རྣམས་ནི་རྦད་དེ་སྣང་མེད་དུ་བསྐྱུར་འདུག ཁ་མཆུ་དེར་རྫོང་ཡོངས་ཀྱི་ལས་བྱེད་མཐོ་དམན་ཧ་ལམ་གྱིས་རྒྱབ་སྐྱོར་བྱས་པས་སྐྱིད་པོ་ཉིས་བརྩེགས་མེད་པར་སྡུག་པོ་གསུམ་བརྩེགས་བྱུང་བའི་ཡུལ་མི་རྣམས་ཅི་ཡང་བྱ་རྒྱུ་མེད་པར་ལུས། དེ་ཡང་ལོས་ཡིན་བོད་རིགས་རྫོང་ཁག་གི་ཡུལ་དཔོན་རྣམས་མ་གཏོགས་གཞན་གཞུང་གི་ལས་བྱེད་ཡོངས་རྫོགས་བལ་གཞུང་གི་ཐད་བསྐོས་བྲམ་ཟེ་བ་ཁོ་ན་ཡིན།

འདིའི་སྟེང་བོད་རིགས་རྣམས་ལ་བྲམ་ཟེའི་གྲངས་མང་མི་རིགས་ཀྱི་མངའ་འོག་ནས་དེང་རབས་དང་བསྟུན་ཏེ་ཁོ་ཚོ་དང་འཐབ་རྩོད་བྱ་རྒྱུའི་འཇོན་ནུས་ལྡན་པའི་ཤེས་ཡོན་པ་གཅིག་ཀྱང་མེད་ལ། དེ་ལྟར་ཡིན་རུང་། རིག་གཞུང་གི་ལྟ་སྟངས་ཐ་དད་པའི་མི་རིགས་ཆེ་ཆུང་གཉིས་འཐབ་དུས། རྡོ་མར་ལ་གཞུས་ན་མར་ལ་གྱོང་ཕོག་ངེས་ལ། མར་རྡོ་ལ་གཞུས་ནའང་མར་ལ་གྱོང་ཕོག་ངེས་ཞེས་པའི་ཡུལ་མིའི་གཏམ་དཔེ་དེ་དང་མཐུན་པར་གང་ལྟར་གྲངས་ཉུང་མི་རིགས་དེར་གྱོང་རྒུན་ཕོག་རྒྱུ་ཉག་གཅིག་རེད།

གནས་ཚུལ་འདི་ལས་ད་དུང་གཞན་ཞིག་ནི། ལོ་ལྟར་རྐུན་ཇག་ཧ་ཅང་མང་ཞིང་། དེ་དག་ལ་གཞུང་ངོས་ནས་ཐག་གཅོད་ཅི་ཡང་བྱས་མེད། ལོ་སྔོན་མར་དོལ་པོའི་མི་རིགས་གཙོ་བྱས་པའི་མི་དམངས་མང་པོ་ཞིག་ལོ་ལྟར་རང་གི་ལྟོ་གོས་ཆེད་དབྱར་ཁ་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་ས་མཚམས་སུ་གནའ་ནས་ཚོང་འདུས་ཆེན་མོ་ཚོགས་གི་ཡོད་པ་ལྟར་ཚོང་རྒྱག་པར་ཆས་སྐབས། ལམ་བར་ནས་བལ་པོའི་མི་རིགས་ཡིན་པའི་མི་བཅུ་ཕྲག་ལྷག་གཅིག་གིས་གྲི་དང་མེ་མདའ་བཟུང་ནས་ལམ་འགྲོ་བ་རེ་རེ་སྔོག་གཤེར་གྱིས་དངུལ་དངོས་གཅིག་ཀྱང་མ་ལུས་པར་འཕྲོགས་པ་རེད། གནས་ཚུལ་དེར་གཞུང་ངོས་ནས་གང་ཡང་བྱས་མེད། འདི་ལོར་དབྱར་རྩ་དགུན་འབུ་རྐོ་དུས་ང་ཕ་ཡུལ་དུ་ཡོད།

སྐབས་དེར་ཡང་བསྐྱར་ངེད་གནས་སའི་རིའི་རྒྱབ་ལོགས་སུ་མཚན་ཕྱེད་ཙམ་ལ་མི་ཉི་ཤུ་རྩ་གྲངས་ཤིག་གིས་ལག་ཏུ་མེ་མདའ་ཐོགས་ཏེ་གནས་དེར་འབུ་འཐུ་མཁན་དང་ཉོ་མཁན། ཚོང་པ་སོགས་ཡོད་ཚད་ལ་ཉེས་རྡུང་གཏོང་གིན་གཏོང་གིན་དངུས་དངོས་འཕྲོགས། གནས་ཚུལ་དེ་ལྟ་བུར་མི་དམངས་ཀྱིས་ནི་དམག་མི་དང་ཉེན་རྟོག་པ་རྣམས་རྐུན་ཆས་སྤྲས་དེ་སླེབས་ཚུལ་གྱི་དོགས་པ་ཧ་ཅང་བྱེད། དེ་མིན་ན་དེ་ལྟ་བུའི་མི་མང་པོའི་ལག་ཏུ་དྲག་ཆས་མཚོན་ཆ་མང་པོ་ཞིག་གང་ནས་ཀྱང་ཡོང་མི་སྲིད་པ་རེད། གཞུང་ངོས་ནས་གནས་ཚུལ་དེ་ལྷགས་པ་དང་ཉིན་འགའི་རྗེས་སུ་གཞི་ནས་དྲག་ཆས་ཉེན་རྟོག་པ་སོགས་བཏང་སྟེ། ཉེས་མེད་ཀྱི་ཡུལ་མི་རྣམས་སྔོག་གཤེར་དང་། ཕར་འགྲོ་ཚུར་འོང་ལ་བཀག་སྡོམ་སོགས་བྱས་ཏེ་རྒྱུ་དངོས་གང་ཟ་ཐུབ་བྱེད་ཀྱིན་འདུག

ད་དུང་ཡང་ཡིད་སྐྱོ་བ་ཞིག་ལ་ཉེ་ཆར་ཡང་བསྐྱར་ངའི་ཕ་ཡུལ་ནས་སྐུ་འདྲ་རྙིང་པ་མང་པོ་ཞིག་རྐུ་འཁྱེར་བྱས་འདུག མ་གཞི་དེ་སྔོན་ངའི་ཕ་ཡུལ་གྱི་དགོན་རྙིང་མང་ཆེ་བའི་དངོས་རྙིང་རྩ་ཆེན་ཧ་ལམ་རྐུན་མའི་ལག་ཏུ་ཤོར་ཚར་ཡོད། ད་ལམ་ཀྱི་རྐུ་འཁྱེར་གནས་ཚུལ་དེ་བྱུང་སྐབས་ཡུལ་མི་ཚོས་ཚོར་ཤེས་བྱུང་ནའང་རྐུན་མ་རྣམས་ཀྱི་ལག་ཏུ་མེ་མདའ་ཡོད་པ་དང་། མེ་མདའ་གང་བྱུང་དུ་བརྒྱབས་པས་ཡུལ་མི་རྣམས་ཀྱི་མིག་སྔུན་ནས་སྐུ་རྙིང་རྣམས་ཁྱེར་ཚུལ་ཤོད་ཀྱིན་འདུག ནམ་རྒྱུན་དབྱར་ཁ་ཉེན་རྟོག་པ་ཡུལ་དུ་གནས་སྡོད་བྱེད་ཀྱང་སྟོན་དགུན་གཉིས་ཉེན་རྟོག་པ་ལོག་འགྲོ་བ་ཡིན།

ད་ལམ་གྱི་གནས་ཚུལ་འདི་ཡང་ཉེན་རྟོག་པ་ཕ་ཡུལ་ནས་ཕྱིན་མ་ཐག་ཐོན་པས་གཞུང་ཕྱོགས་ནས་ཉིན་འགའི་རྗེས་སུ་གཞི་ནས་ཉེན་རྟོག་པ་བཏང་བྱུང་། ཁོ་ཚོས་ཡུལ་མི་རེ་རེའི་ཁང་པ་སྔོག་གཤེར་སོགས་བྱས་ཤིང་ཟིན་དགོས་རྒྱུའི་རྐུན་མ་མ་ཟིན་པར་ཟིན་མི་དགོས་པའི་ཕ་མེས་ནས་ཁྱིམ་རྒྱུད་ལ་ཡོད་པའི་དངོས་པོ་རྩ་ཆེན་རིགས་ལག་ཏུ་ཐེབས་པ་དང་དེ་དང་འབྲེལ་ཡོད་ཉེས་མེད་ཡུལ་མི་རྣམས་འཛིན་བཟུང་དང་། རྒྱུ་དངོས་བཟའ་རྩིས་ཁོ་ན་བྱས་པ་རེད། ང་ཚོའི་ཕ་ཡུལ་གྱི་མི་གནས་སྡོད་མི་བྱེད་སའི་རི་ལུང་གང་ལའང་ཅ་དངོས་སྦས་ན་ཆོག་པས་ཉེན་རྟོག་པ་རྣམས་ཀྱིས་ཡུལ་ཁྱིམ་བསྔོགས་པ་ནི་དམངས་ལ་ཁྲབ་སྟོན་བྱས་པ་ལས་མ་འདས།

གཞན་མིན་ན་གནས་ཚུལ་ལྷགས་མ་ཐག་གཞུང་ཕྱོགས་ཀྱིས་ཉེན་རྟོག་པ་སོགས་བཏང་ན་འགྲུལ་སྐྱེལ་སྟབས་མི་བདེ་བའི་ང་ཚོའི་ཕ་ཡུལ་ལྟ་བུར་ཅ་དངོས་ལམ་སང་ཐག་འགྱངས་པོར་ཁྱེར་ག་ལ་ཐུབ། དེ་ལས་ལྡོག་སྟེ་ཉིན་འགའ་འགྱངས་ནུར་གྱིས་རྐུན་མ་རྣམས་འབྲོར་བཅུག་སྟེ་གཞི་ནས་ཡོང་རྒྱུ་ནི་དངོས་གནས་གོད་བྲོ་བ་རང་རེད།

བལ་ཡུལ་ལ་ཆ་མཚོན་ན། བོད་རིགས་ཀྱི་ཕ་གཞིས་སུ་གྱུར་བའི་རི་བོ་ཧི་མ་ལ་ཡའི་རྒྱ་ཁྱོན་གྱིས་བལ་ཡུལ་རྒྱལ་ཁབ་ཀྱི་ཁྱབ་རྒྱའི་གསུམ་ཆའི་གཅིག་ཟིན་ཡོད་ནའང་། བོད་རིགས་ལ་ཐོབ་ཐང་གི་ཆ་ནས་ད་བར་གཞུང་ངོས་ནས་བོད་ཕྲུག་རྣམས་ཀྱི་ཆེད་དུ་བོད་ཡིག་གི་སློབ་སྦྱོང་སྤྲོད་སའི་སློབ་གྲྭ་ཞིག་ཀྱང་བཙུགས་མེད།

མ་གཞི་བོད་རིགས་རང་ཉིད་ལ་དེང་རབས་ཤེས་ཡོན་དང་གོ་རྟོགས་གང་ཡང་མེད་པ་དང་། བལ་ཡུལ་ཁོངས་གཏོགས་ཀྱི་བོད་རིགས་མི་རབས་གསར་པ་རྣམས་ནི་རང་གི་ཕ་མེས་ཀྱི་ཕ་སྐད་རིག་གཞུང་ལ་དེ་ཙམ་གལ་ཆེན་མི་འཛིན་པའི་གནས་སུ་གྱར་འདུག འདིའི་སྟེང་ནས་ཀྱང་བལ་གཞུང་གིས་གྲངས་ཉུང་མི་རིགས་མེད་པར་བཟོ་རྒྱུར་སྤེལ་བའི་སྲིད་བྱུས་ཀྱི་རྩ་བ་སྲ་བརྟན་ཞིག་སྔ་ས་ནས་བཙུགས་ཏེ་འབྲས་བུ་ཡང་གཡུར་དུ་ཟ་བ་སྨིན་བཞིན་པ་མངོན་ཐུབ།

ངས་འདིར་བརྗོད་པ་རྣམས་འདི་ལོར་རང་ཉིད་ཕ་ཡུལ་ལ་གཉེན་འཕྲད་ཕྱིན་པའི་སྐབས་སུ་ལྷགས་པའི་དངོས་ཡོད་གནས་ཚུལ་ཡིན་པས་བོད་མི་རིགས་ལ་གདུང་བ་ཟབ་ཅིང་། བོད་ཡིག་འབྲི་ཀློག་ཤེས་མཁན་རྣམས་ཀྱིས་འདི་ལྟ་བུའི་རང་མི་རིགས་ཀྱི་ཡིད་སྐྱོའི་གནས་ཚུལ་རྣམས་གོ་ཐོས་བྱུང་ན་སྙམ་པ་ཙམ་ལས་གཞན་དམིགས་ཡུལ་མེད།།

ཡོང་ཁུངས་དྲ་རྒྱ་གཞན། 

དཔྱད་མཆན་སྤེལ།

%d bloggers like this: