བུད་མེད་ལུས་ལ་རྒྱུན་མཐོང་ནད་ཀྱི་རྟགས་བཅོས།

ཞིང་འབྲོག་ཁུལ་གྱི་བུད་མེད་ལུས་ལ་རྒྱུན་མཐོང་ནད་ཀྱི་རྟགས་བཅོས།

སོག་རུ་མགོན་པོ་རྡོ་རྗེ།

        སྤྱིར་བུད་མེད་ཀྱི་ལུས་ལ་བོད་ཀྱི་གསོ་རིག་ལས་བསྟན་པའི་ནད་རིགས་མི་འདྲ་བ་བཞི་བཅུ་རྩ་གཉིས་ཡོད་པ་དེ་དག་གི་རྒྱུ། རྐྱེན། དབྱེ་བ། རྟགས། བཅོས་ཐབས་སོགས་རེ་རེ་བཞིན་འགྲེལ་དགོས་ན་པོ་ཏི་རི་རབ་བཞིན་བརྩེགས་རྒྱུ་ཡོད་ཀྱང་ངལ་བའི་རྒྱུ་ལས་མ་འདས། མདོ་ཧྲིལ་གྱི་འདྲིལ་ན་ཁྲག་ཚབས་དང་རླུང་ཚབས་གཉིས་སུ་བསྡུ་ལ། མོ་ནད་ཕལ་ཆེར་གཙང་སྦྲར་དོ་སྣང་མ་བྱས་པ་དང་ཆགས་སྤྱོད་རྒྱུན་གཏན་མ་ཡིན་པ་ཁོ་ན་ལས་འབྱུང་གིན་ཡོད།


དང་པོ། ཁྲག་ཚབས་ནད་ཀྱི་རྟགས།

      ཁྲག་ཚབས་ནད་རྟགས་ནི་རྐེད་པ་མན་ཆད་ན་བ་དང་། ནད་ཡོད་སའི་རུས་པ་ཁོལ་སྙམས་བྱེད་པ། རྒྱུ་སྨད་དང་ལྟེ་འོག་ལ་ཚ་ཤར་རྒྱག་པ། ལུས་རྒྱབ་སྐེད་པ་ཡན་གྱི་སོར་ལྔའི་མཚམས་སུ་གཟེར་རྒྱག་པ། ལུས་ཀྱི་རྩ་རྣམས་ཚ་ཁྱུག་བྱེད་པ། མཚན་མ་གཡའ་ལ་ཟ་འཁྲུག་ལང་པ། ནུ་མ་སྐྲངས་པ་དང་ནུ་མདོག་འགྱུར་ནས་དམར་སྨུག་ཆགས་པ། ཟླ་མཚན་དུས་སུ་མི་འབབ་པའམ་ཡང་ན་རྣག་འཛག་པ། སྐྱེས་པ་དང་མཉམ་དུ་ཆགས་སྤྱོད་བྱེད་མ་མྱོང་བའི་བུད་མེད་ལོ་ན་སོན་པ། ལོ་ཚོད་མ་སྨིན་པར་ཆགས་པ་སྤྱད་ནས་རྩ་ཕྲན་བཅད་པའི་རྐྱེན་ལས་སྐྲན་དུ་གྱུར་བ། སྐྱེས་པ་མང་པོ་དང་མཉམ་དུ་ཚུལ་མིན་གྱི་ཆགས་སྤྱོད་བྱས་ནས་བུ་ཡི་ཁུ་བ་འདྲིལ་ནས་སྐྲན་དུ་གྱུར་བ། ལས་ཀ་མང་པོ་བྱས་པ་དང་ཉི་མ་དང་མེ་ཡུན་རིང་བསྲོས་ན་ལུས་སྟོད་བརྒྱངས་པ། མཇིང་པ་རེངས་པ། མིག་དང་མཚོག་མ་ན་བ། དྲི་ཆུའི་མདོག་དམར་སེར་དྲི་མ་ཆེ་བ། ལྦུ་བ་མང་བ་སོགས་ནི་ཁྲག་ཚབས་ནད་ཀྱི་རྟགས་ཡིན།


སྨན་གྱི་བཅོས་ཐབས།

    དེ་ན་ཐོག་མར་རང་གི་ལུས་ལ་ནད་མེད་པར་བྱ་རྒྱུའི་ཐབས་ལམ་ཡག་ཤོས་ནི་རྒྱུན་གཏན་གྱི་སྤྱོད་ལམ་ཁོ་ན་ལ་རག་ལས་ཡོད་པས་དུས་རྒྱུན་ནས་གཙང་སྦྲར་དོ་སྣང་དང་ཚུལ་མཐུན་གྱི་འཇིག་རྟེན་བདེ་བ་མྱོང་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན།
བྱེ་བྲག་བཅོས་ཐབས་ལ་ཁ་ཟས་རན་པར་བཟའ་བ། སྤྱོད་ལམ་ཚུལ་བཞིན་སྲུང་བ། སྨན་ཁོག་ཏུ་གཏོང་བ། གཏར་སྲེགས་དུག་ལུམ་བྱུག་པ་བཅས་ཀྱི་བཅོས་ཐབས་ཀྱི་ལག་ལེན་མན་ངག་མི་འདྲ་བ་དུ་མ་ཡོད་ཀྱང་འདིར་ཁོག་སྨན་གཏོང་རྒྱུ་གཙོ་བོར་བཤད་ན།
ཁྲག་ཚབས་ནད་ལ་ཁྲག་མཁྲིས་གཉིས་གཙོ་བོར་འཛིན་དགོས་པས་སྤྱི་སྨན་ལ་སྨྱུག་རྩི་ཉེར་ལྔ། སྨྱུག་རྩི་དྲུག་ཐང་། དེ་ནས་གླ་རྩི་དྲུག་སྦྱོར། ནོར་བདུན་དམར་གསུམ་ཐང་། མཛོ་མོ་ལྔ་ཐང་། སྐྱུ་རུ་ཉེར་ལྔ། སྟར་བུ་བཅུ་དགུ ཙན་དན་བཅོ་བརྒྱད། ཟླ་མཚན་རྒྱུན་མི་ཆད་པར་བབས་ན་འོལ་སེ་ཉེར་ལྔ། ཐང་ཆེན་ཁ་ཚར། གུར་གུམ་བཅུ་གསུམ་སོགས་གཏོང་དགོས་པ་དང་། ཟླ་མཚན་འགག་ནས་དུས་སུ་མི་འབྱུང་ན་ཨར་ཞི། ཞི་བྱེད་བཅུ་གཅིག ཁྲག་བཤིགས་ཕ་ལམ། རྒྱ་རུ་བཞི་པ་དང་ཨར་བརྒྱད་མཉམ་བསྲེས་སོགས་གཏོང་དགོས།
སྟོད་གཟེར་རིགས་ལ་ཁྲག་བཤིག་རྡོ་རྗེ་ཕ་ལམ། ཙན་དན་བཅོ་བརྒྱད། ཨ་གར་སོ་ལྔ། ཕོ་ནད་ཤས་ཆེ་བ་ལ་སྟར་བུ་བཅོ་བརྒྱད། འབྲི་ལུགས་བདེ་སྙོམས། གཡུ་དྲིལ་བཅོ་བརྒྱད། རྒྱུ་ཞབས་དང་རོ་སྟོད་སྦྲེལ་ནས་ན་བ་ལ་རྒྱ་རུ་བཅུ་བཞི། མཁལ་སྐེད་ནད་ཤས་ཆེ་བ་ལ་གཉེན་པོ་བཅོ་བརྒྱད། སེ་འབྲུ་ཀུན་ཕན། དེ་བཞིན་ནད་སྤྱི་ཁྲག་ཚབས་ཡིན་པ་ལ་དེ་དང་འབྲེལ་བའི་དོན་སྣོད་གང་དུ་ནད་ཤས་ཆེ་བ་ལ་དེ་དང་མཚམས་པའི་སྨན་གཏོང་རྒྱུ།


གཉིས་པ། རླུང་ཚབས་ནད་ཀྱི་རྟགས།

      རླུང་ཚབས་ནད་ནི་རུས་གནད་གཟེར་བ། སེམས་ཟང་ཟིང་དུ་གྱུར་བ། ཚིག་པ་ཟ་བ། མཚམས་རེ་སྨྱོ་བ་ལྟར་དུ་ཡོང་བ། སེམས་བརྗེད་ངད་ཆེ་བ། མགོ་བོ་འཁོར་བ། ལུས་ཀུན་སྐྲངས་པ། ཤ་རུས་བར་ནས་ན་བ། མིག་མི་གསལ་བ། གཅིན་ལམ་དང་རྒྱུ་ཞབས་ན་བ། ཟླ་མཚན་མི་ཆོད་པར་རྒྱུན་དུ་འབྱམས་པ། ཡང་ན་ཟ་ཁུ་འཛག་པ། ལུས་ཀྱི་དྲོད་ཤོར་བ། མོ་མཚན་སྐྲངས་པ། ཆུ་མདོག་སྔོ་སྐྱ་ལ་ལྦུ་བ་ཆེ་ལ་ཚག་སྒྲ་གྲགས་པ་སོགས་མདོར་ན་རླུང་དང་བད་ཀན་ཤུགས་ཆེ་བ་ལ་རླུང་ཚབས་ནད་ཀྱི་རྟགས་ཡིན།


སྨན་གྱི་བཅོས་ཐབས།

     རླུང་ཚབས་ནད་ནི་ཁྲག་ཚབས་ནད་རྙིང་པ་ལ་གོ་དགོས། སྤྱི་སྨན་ལ་འོལ་སེ་དང་ཨ་གར་སོ་ལྔ་གཏོང་དགོས་ལ། དེ་བཞིན་ཨར་བརྒྱད། རྒྱ་རུ་བཅུ་བཞིའི་སྟེང་ཨར་བརྒྱད་བསྲེས་པ། སྲོག་འཛིན་བཅུ་གཅིག ཨ་གར་བཅུ་བདུན། རུ་རྟ་ཉེར་གཅིག ཨ་གར་ཉི་ཤུ འབྲོང་རྩེ་ཨར་བརྒྱད། རླུང་ཚབས་སྙིང་ནད་ཤས་ཆེ་ན་སྙིང་སྨན་སེམས་བདེ། ཛ་ཏི་ཉི་ཤུ། ཏང་ཀུན་བརྒྱད་པ། ཕོ་ནད་ཤས་ཆེ་ན། བརྒྱད་ལྔ། སེ་འབྲུ་རིགས། དྭགས་པོ་སྨན་ནག མཁལ་ནད་ཤས་ཆེ་ན། ཨ་རུ་རིགས། སེ་འབྲུ་ཉེར་བཞི། བུ་བཙས་རྗེས་ཚད་པའི་པང་ཚད་ལ། ཞི་དྲུག གཙོ་བརྒྱད། ཨ་གར་རིགས་སོགས་གཏོང་དགོས། བུ་ཤ་མ་ཐོན་ན་རྒྱ་རུ་སུམ་སྦྱོར་སོགས་གཏོང་དགོས། ནུ་མ་སྐྲངས་པ་ལ་བྱུག་སྨན་རྒྱག་ནས་ཆུ་བསྐོལ་མང་ཙམ་མཆོད་རྒྱུ།
དེ་བཞིན་བྱིས་པ་བཙས་ནས་གཟུགས་པོ་ཡོངས་སུ་མ་སོས་གོང་ཆགས་པ་སྤྱོད་རྒྱུ་མེད་ལ། བུད་མེད་ཀྱི་སྲུང་ཤུབས་སྤྱོད་སྟངས་མ་ཤེས་པའམ་སྲུང་ཤུབས་གཅིག་སྤྱོད་ཡུན་རིང་དྲགས་པ། ཕྲུ་གུ་མང་པོ་བཀོག་པ་དང་། སྦྲུམ་འགོག་གི་ཨ་ལོང་མང་པོ་བརྗེས་པ། ཚུལ་མིན་གྱི་ཆགས་སྤྱོད་བྱས་པ། སྦྲུམ་འགོག་གི་སྨན་གང་བྱུང་དུ་བཟས་པ། ཚུལ་མཐུན་དང་བདེ་འཇགས་མ་ཡིན་པའི་སྐྱེས་པར་སྲུང་ཤུབས་མ་སྤྱད་པ། རྒྱུན་དུ་གཙང་སྦྲར་དོ་སྣང་མེད་པ་བཅས་ལ་ཨེ་ཛི་ཀྱི་ནད་དང་། ཁྲག་སྐྲན་གྱི་ནད། མངལ་སྐེའི་གཉན་ཚད་ནད་སོགས་མང་པོ་འབྱུང་གི་ཡོད། དེར་བརྟེན་ཞིང་འབྲོག་ཁག་གི་བུད་མེད་རྣམས་མཚན་མར་ནད་ཕོག་སྐབས་སྨན་པར་བཤད་མི་ནུས་པ། སྨན་ཁང་དུ་ནད་བལྟ་བར་འགྲོ་མི་ནུས་པ། དལ་བའི་རང་བཞིན་ན་ཚ་དག་ལ་སྣང་མེད་དུ་བསྐྱུར་བས་ན་མཐར་ནད་ཀྱི་ཚེ་སྲོག་འཕྲོག་འགྲོ་བས་སྔ་ཙམ་ནས་ཤང་གྲོང་སྨན་ཁང་དུ་སོང་དེ་བརྟག་དཔྱད་དང་བཅོས་ཐབས་བྱེད་པ། ཆ་རྐྱེན་ཅུང་ཟད་བཟང་བ་རྣམས་རྫོང་དང་གྲོང་ཁྱེར་སྨན་ཁང་གི་མོ་ནད་ཚན་ཁག་ལ་ཡིན་གཅིག་གིས་ན་ཚ་བལྟ་བར་འགྲོ་དགོས་པ་མ་ཟད་ལོ་རེར་ཉུང་མཐར་ཡང་གཟུགས་གཞི་བརྟག་དཔྱད་ཐེངས་རེ་བྱེད་དགོས།
དེ་ལྟར་གོང་དུ་བཤད་ཟིན་པའི་བུད་མེད་ལུས་ལ་དམིགས་གསལ་ནད་རིགས་རེ་བཟུང་གི་བཅོས་ཚུལ་དག་ནི་ཞིང་འབྲོག་ས་ཁུལ་དུ་སྨན་པ་དཀོན་སར་བློ་བུར་གྱི་ནད་བྱུང་སྐབས་བཅོས་ཐབས་ཙམ་ལས་དེ་མིན་སྨན་ཁང་ཁག་དུ་བརྟག་དཔྱད་དང་སྨན་པའི་བལྟ་རེག་དྲི་བ་སོགས་ཀྱི་སྒོ་ནས་ནད་ངོས་འཛིན་ཏེ་བཅོས་དགོས་པ་ལས། གང་བྱུང་གི་ཚོད་སྨན་བཏང་ནས་ཚེ་སྲོག་དེ་རྩེད་ཆས་སུ་ངོས་འཛིན་མི་རུང་།
དེ་བཞིན་བོད་ཀྱི་སྲོལ་རྒྱུན་གསོ་རིག་གི་ལག་ལེན་ནང་དུ་ཕོ་མོ་མཐུན་སྦྱོར་གྱི་བདེ་བ་འགའ་ཞིག་ལོངས་སྤྱོད་ཐུབ་ན་གང་དག་བུ་འདོད་པ་ལ་བུ་དང་། བུ་མོར་འདོད་པ་བུ་མོ་འབྱུང་རྒྱུ་ཡོད་ལ། ཁོག་དུ་སྦྲུམ་པ་བུ་མོ་ཡིན་ན་རྫས་སྦྱོར་མན་ངག་སྟོབས་ཀྱི་བུ་ལ་འགྱུར་ཐུབ་པ་སོགས་ནི་གསོ་རིག་གཞན་ལ་མེད་པའི་བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་ཡིན་ལ་འདོད་བརྩེས་བཅིངས་པའི་ཚུལ་མཐུན་ཚེ་གྲོགས་དག་ལ་འཇིག་རྟེན་གཉིས་འཇུག་དགའ་བདེའི་ལོངས་སྤྱོད་དང་། འདོད་པའི་སྒྱུ་རྩལ་གྱི་མན་ངག་མཐའ་ལས་འདས་པ་དུ་མ་ཡོད་ཀྱང་གནས་སྐབས་འདི་ཙམ་གྱིས་མཐུས་པར་པར་བྱ།

ཡོང་ཁུངས།  བོད་ནང་གི་དྲ་རྒྱ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s