མུན་པའི་ལམ།

མགར་བཟའ།

ཕ་རོལ་ནི་མཐའ་མེད་པའི་རྒྱ་མཚོ་ཞིག་ཏེ།

འཛིན་ལུང་མེད་པའི་གྲུ་གཟིངས་ཀྱི་གཡོ་འགུལ་དང་།

བྲེལ་ཟིང་གིས་བསླངས་པའི་ཉ་བདའི་ཚོགས།

གང་སར་སྐྱ་ཧྲལ་ཧྲུལ་དུ་རྒྱུ་ཞིང་།

ནག་ཐིང་ཐིང་གིས་མངོན་འོང་།

རྒྱ་མཚོའི་རོལ་དབྱངས་འཇགས་སོང་བས་ཡིན་ནམ།

 

བྱེ་ཐང་ལྟ་བུའི་མཚོ་འགྲམ་དུ།

གཅེར་རྗེན་དུ་རྩེན་པའི་བུད་མེད་དང་སྐྱེས་པ་དག

ཆགས་སྲེད་ཀྱི་མེ་ཕུང་ལ་ཡང་ཡང་རོལ་གྱིན།

རང་ལུས་ལ་དྲི་ཞིམ་གྱི་རུལ་སུངས་སྟོར་གྱིན་འདུག

དེ་རུ་འགྲོ་མི་འདོད།

རྒྱུ་མཚན་བདག་གིས་ཀུན་སྤྱོད་ཀྱི་མིག་ཟུང་བཙུམ་མེད།

 

ཚུར་རོལ་ནི་རླུང་གིས་བསྒུལ་བའི་བཙོན་ཁང་སྒོ་མེད་ཅིག

གྲི་མཚོན་ཤོར་བའི་དཔའ་རྒོད་དག་མདའ་གྲི་ཡིས་རྨས་ཤིང།

དངངས་སྐྲག་གིས་བདས་པའི་ཡུགས་ས་མའི་སྐྲ་ལུད།

ནག་ཡེང་ཡེང་རླུང་གིས་འགམས་དུས།

འཁྱག་སུབ་སྲུབ་ཏུ་རྒྱུ་བའི་ངོ་གདོང་སྙིང་རྗེ་དག

མུན་ནག་གི་མཆེ་བར་ནས་ཡང་ཡང་གཙབ་བྱུང་།

རྒྱལ་མཁར་གྱི་རྩེ་མོ་ཞིག་སོང་བས་ཡིན་ནམ།

 

སྐྱོ་གདུང་དང་མུན་ནག་གི་ཁྲིམས་ར་རེ་རེ་ན།

སྨྲ་ལྕེ་ལྐུག་བཞིན་དུ་ཨམ་གཙིགས་སྡོམ་བཞིན་པའི་གྱད་མི་ཚོས།

ཞེ་འཁོན་གྱི་མིག་རྩ་ཁྲག་ཏུ་སྐོལ་ན་ཡང་།

སྙིང་ཉེ་བའི་ཤ་རུས་ཀྱི་བརྩེ་འདང་གང་དུ་བཙལ་ལམ།

 

བར་སྐབས་འདིར་ངས་དཀོན་མཆོག་དྲན་བྱུང་།

ཉེ་རིང་མེད་པའི་དཀོན་མཆོག

ཕྱི་ནང་མེད་པའི་དཀོན་མཆོག

ད་དུང་བདག་འཛིན་བྲལ་བའི་དཀོན་མཆོག་དྲན་བྱུང་།

 

ཡིན་ནའང་ཇི་ལྟར་བོས་ཀྱང་དཀོན་མཆོག་ཕེབས་མ་བྱུང་།

འདི་ལྟར་བྱེ་ཐང་གི་མུན་ནག་ཁོ་ན་རང་སེམས་ཀྱི་འཇའ་རིས་སུ་ཁེན་དུས།

མི་ཡུལ་འདིའི་ལྗང་མདོག་དང་མཛེས་སྡུག་གང་དུ་ཡོད་དམ།

 

བདག་གིས་འཚོལ་བའི་དཀོན་མཆོག་ལགས།

ཁྱེད་སྤྱི་གཙུག་གི་སྟོང་དབྱིངས་ན་ཡོད་དམ།

ཡང་ན་རྐང་མཐིལ་གྱི་ས་གཞི་ན་ཡོད།

 

ཁྱེད་ཀྱིས་བྱམས་བརྩེ་སྤྱན་ཟུང་རྒྱང་དུ་ཕྱོགས་སྟེ།

སུ་ཞིག་སྐྱོབས་འདོད་ཀྱི་དྲན་ཤེས་སྒོམ་ལ་བཞུགས་ཡོད་དམ།

ཡང་ན་ཤ་ཚ་དང་གཅེས་སྐྱོང་ཁོ་ནས།

སུ་ཞིག་གི་མིང་ནས་ཡང་ཡང་འབོད་ཀྱིན།

གཏོང་ཕོད་ཀྱི་བྲང་ཁོག་སུ་ཞིག་གི་ཆེད་དུ་ཕྱེས་ཡོད།

བདག་གི་དཀོན་མཆོག་ལགས།

མུན་པ་ནག་པོ་འདིའི་མིག་ཟུང་གཡར་ཏེ།

ངས་འདི་ལྟར་ཁྱེད་རང་འབོད་ཀྱིན་ཡོད།

ཡང་ནས་ཡང་དུ་འབོད་ཀྱིན་ཡོད།

༢༠༡༤  ༡༢  ༢༧

ངེད་དྲ་ཚིགས།

2 Comments on མུན་པའི་ལམ།

  1. ཡག་བྱུང་། འདིའི་སྙན་ངག་ཡང་ཡང་ཀློག་སྙིང་འདོད་བྱུང་། མུ་མཐུད་་་།

    Like

  2. ཡག་བྱུང་། འདི་ལྟ་བུའི་སྙན་ངག་ཡང་ཡང་ཀློག་སྙིང་འདོད་བྱུང་། མུ་མཐུད་་་།

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s