འབའ་སྲས།

རྨ་ཡུལ་འབྲོག་ནས་སྐྱེས་པའི་འབྲོག་མོ་ཞིག །
ནགས་ཀྱི་ཁུ་བྱུག་སྤྲུལ་བའི་སྐད་ངག་ཅན།།
འཇའ་ཚོན་གོས་སུ་གྱོན་པའི་ལང་ཚོ་མ།།
ཟླ་བའི་འཛུམ་དང་ཡིད་ཀྱི་མཁའ་ལ་ཤར།།

རང་བྱུང་ངག་གི་པི་ཝང་རྟ་མགོ་མ།།
སྙམ་འཇེབས་དབྱངས་ཀྱི་སོར་མོས་དཀྲོལ་བས་ན།།
ཐོས་འཛིན་ལྡན་རྣམས་རྣ་ཡི་བདུད་རྩི་དང་།།
འོན་པའི་རྣ་ཡང་ཐོས་པ་དོན་ཡོད་བྱེད།།

རང་རེའི་གངས་ཅན་ལྗོངས་འདི་སྔ་མོ་ནས།།
གླུ་དང་གཞས་ཀྱི་སྟེགས་བུ་ཆེན་པོ་སྟེ།།
གངས་རིའི་ཁྲོད་ཀྱི་གླུ་སྐད་རེ་རེ་ཡིས།།
དུད་འགྲོ་ཟོག་ཀྱང་དགའ་བར་བྱེད་ཅེས་གསུངས།།

དཔེར་ན་འབྲུ་མོ་བཞོ་དབྱངས་རྒོ་རྒོ་དང་།།
བྱིས་པ་གཉིད་དུ་རེ་བའི་ལོ་ལོ་སོགས།།
སྙན་འཇེབས་དབྱངས་རྟ་ངག་གིས་གྱེར་བ་ཡིས།།
དེ་དང་དེ་ལ་དགའ་བ་ཉིད་དུ་བྱེད།།

རྨ་ཡུལ་འབྲོག་མོ་འདི་ཡང་དེ་ལྟ་སྟེ།།
ལུས་ཀྱི་རྣམ་འགྱུར་དེ་ཡི་མཛེས་སྡུག་དག །
མིག་གིས་མ་མཐོང་ན་ཡང་སྐད་ངག་གིས།།
འདོད་ལྡན་འདོད་མེད་ཡིད་འགུག་ལྕགས་ཀྱུ་ཉིད།།

ཁོ་བོས་འདི་ཡི་ལང་ཚོ་མ་མཐོང་ལ།།
བརྩེ་གཏམ་སྙིང་གཏམ་བཤད་ཀྱང་མ་མྱོང་མོད།།
རང་བྱུང་ངག་ལས་བརྡོལ་བའི་འགྱུར་ཁུག་གིས།།
སྙིང་ལ་རི་མོ་སྟོང་གི་མཛེས་རིས་བྲིས།།

ངལ་ཐང་ཆད་དུས་ཉན་ནས་སྟོབས་ཤུགས་རྒྱས།།
སྐྱོ་བའི་དུས་སུ་དགའ་བ་ཉིད་དུ་བྱེད།།
ཁྲོ་བའི་དུས་སུ་ཉན་ན་ཞི་བར་འགོད།།
རྨ་ཡུལ་འབྲོག་མོ་ཁྱོད་ལ་བཀའ་དྲིན་ཆེ།།

བདག་ནི་འཇིག་རྟེན་འདི་དང་མ་བྲལ་བར།།
ཁྱེད་ཀྱི་སྐད་ངག་དེ་དང་ལྷན་ཅིག་གསོན།།
ཤི་ཡང་མ་ཎི་སྟོང་གི་དབྱངས་རྟ་དང་།།
ལྷན་དུ་ཁྱེད་ཀྱི་སྐད་ངག་ཐོས་པས་ཆོག །

ཁ་ནས་བསྟོད་པའི་ལུགས་སྲོལ་བདག་ལ་མེད།།
སྙན་ངག་ལམ་ནས་གང་བརྗོད་བདེན་པ་ཡིན།།
བདག་གི་སྙན་ངག་ཁྱེད་ཀྱི་གླུ་སྐད་གཉིས།།
ནམ་ཡང་མི་ཉམས་མཉམ་དུ་གནས་པར་ཤོག །

༣༠/༡༢/༡༤ ཉིན་གུང་དུ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading