——ཨ་མདོའི་འབྲུག་ལྗང་སྨྱོན་པས་ལྷ་ས་ནས་བསྐུར་ཡོང་བའི་འཕྲིན་ཡིག་གི་ལན་དུ།

རྒྱ་གྲོལ།

པོ་ཏ་ལ།

མི་རིགས་འདིའི་སྤོབས་པ་བཞིན་ཀྲོང་ངེར་འགྱིང་ངམ།

རྡོ་བའི་འཇིག་རྟེན་དེར།

ལྷ་ཚོགས་ཀྱི་འཇིག་རྟེན་དེར།

ད་དུང་མཛེས་སྡུག་གམ།

ལྷ་ཚོགས་ཀྱི་ཞིང་ཁམས་སུ།

རྡོ་བ་མང་པོ་ད་དུང་ཨུ་ཚུགས་ཀྱིས་འགྱིང་ན་ཡང༌།

སྨིན་ཟིན་པའི་གནའ་གཏམ་ལས་སད་རྗེས།

འོ་ཐང་མཚོ་ཡང༌།

ད་དུང་དམྱལ་བའི་ཞིང་བཀོད་ཅིག་ཡིན་པ་རྟོགས་ལ།

ཁ་ལེབ་ཅིག་གིས་ཆོད་རྗེས།

མི་ཡུལ་འདིར་གླུ་ཇི་འདྲ་བླང་ཆོག་ཨང༌།

གླུ་ལས་རྒས་པ་ལ་འང་ལང་ཚོ་འབར་འོང་ལ།

ལང་ཚོ་ནི་ནམ་ཡང་ཤི་མི་སྲིད།

རྨི་ལམ་དུ་འོ་ཐང་ཡང་ལྷ་ཡི་དགའ་ཚལ་ཅིག་སྟེ།

ལྷ་སའི་ནང་མ་ཡང་རྨི་ལམ་གྱི་ལང་ཚོ་ཡིན་ལ།

ཨུ་ཚུགས་ཀྱིས་འགྱིང་ན་ཡང༌།

པོ་ཏ་ལ། ལྷ་སའི་ནང་མ་བཞིན་འཁོར་བས།

བར་སྐོར་གྱི་བྱམས་པའི་རྨི་ལམ་གྱི་ཁྲོད་ནའང༌།

ཨ་རག་གི་མེ་ཏོག་གྱོན་པའི་ཟློས་གར་ཅིག་མཐོང་ལ།

ཇོ་བོ་ཡི་འཛུམ་མདངས་ནང་དུའང༌།

རྔམ་པ་ཡི་སྔངས་འཚུབ་ཅིག་གཡོ་བཞིན་འདུག

པོ་ཏ་ལ། ལྷ་ཚོགས་ཀྱི་ཞིང་བཀོད་དེ།

ཨ་མདོ་བས་ལྷ་ཡི་འཛུམ་ཞལ་དེ་རེ་ནས་འོངས།

ཁམས་པས་ལྷ་ཡི་བྱིན་རླབས་དེ་སྒོམ་ནས་འོངས།

དབུས་པས་ལྷ་ཡི་འོད་ཟེར་དེ་བཟུང་ནས་འོངས།

དེ་རིང༌། རྡོ་བའི་ཁྲོད་དུ་རྡོ་བའི་ཞབས་རྗེས་མ་རྙེད་པས།

སེམས་ཁམས་བདེ་ལ་མ་བབས་པའི་ཁྱོད་ཀྱིས།

ལྷ་སའི་ཞོལ་དུ་ཆང་རག་གིས་སེམས་གསོ་བྱེད་བཞིན་ཡོད་ངེས།

བཟི་ཁ་རེ་རེས།

སྐྱོ་གདུང་བསལ་འདོད་རུང༌།

ར་རོ་གྱུར་རྗེས།

རྒྱུགས་ཐེངས་གཅིག་གིས།

རི་བོ་ཧི་མ་ལ་ཡའི་མགོར་འགོས་ཤིང༌།

ཧུབ་ཐེངས་གཅིག་གིས།

མཚོ་སྔོན་པོ་འཐུང་ན་འདོད་ངེས།

ཡིན་ན་ཡང་དེ་རིང་ནི་རྡོ་བའི་ཤོར་སོང་བའི་ལོ་ཟླ་ཡིན་ པས།

ཨུ་ཚུགས་ཀྱིས་འགྱིང་ན་ཡང་ལྷ་ཡིས་སྙིང་རྗེ་སྐྱེས་མི་སྲིད་ལ།

སྡུག་བསྔལ་གྱིས་སྨྱོས་ན་ཡང་འདྲེ་ཡིས་ཁ་ཡ་བྱེད་མི་སྲིད།

ཡིན་པ་ནི་ང་ཚོ་ཡང་པོ་ཏ་ལ་ཞིག་ཡིན་པས།

ལྷ་སར་ནང་མ་མང་ཡང་ཨུ་ཚུགས་ཀྱིས་འགྱིང་སྲིད་ལ།

བར་སྐོར་ཇི་འདྲའི་རིང་ཡང༌།

ང་ཚོ་ནི་མགོ་རྔ་སྦྲེལ་བའི་ཡིག་དྲུག་ཟླུམ་པོ་ཞིག་ཡིན་པས་སོ།

ང་ཚོས་སྦས་སྐུང་གི་ལོ་ཟླའི་སྐྱོ་གདུང་ཤེས་པས།

པོ་ཏ་ལ། སྒེག་ཚོས་བྱུགས་པའི་མཛེས་མ་བཞིན།

སུ་ཞིག་དང་གཉེན་སྒྲིག་བྱ་ཆོག་མིན་ལ་བསམ་བློ་བཏང༌།

ལྷ་ས་རུ།

སུས་ཀྱང་དཀྲོལ་མི་ནུས་པའི་གཉེན་པོ་གསང་བ་ཡོད་དམ།

རྡོ་བའི་སྐད་ཆ་ལས་བྱ་རྒོད་འཕུར་སྲིད་ལ།

ཡིག་དྲུག་གི་མིག་ཟུང་གིས་རྡོ་བར་བྱིན་རླབས་ཞུགས་ན་ཡང༌།

སྙན་ངག་པ། ལྷ་སའི་ཝུ་ཆང་གི་ཁ་ན།

པོ་ཏ་ལ་བཞིན་ཁེར་རྐྱང་གིས་ལུས་སམ།

དམ་བུ་བཅག་ནས་ལྷ་རྒྱལ་འཐེན་ནའང༌།

ཨ་རག་བཙན་པོ་དེ་གློ་སྙིང་བསླུས་ཟིན་པས།

བྱིན་རླབས་ཀྱིས་ཕྱི་ནང་གསང་གསུམ་བངས་མི་ནུས།

པོ་ཏ་ལའི་མར་མེ་དེས་ཀྱང༌།

ང་ཚོའི་ལུས་ངག་ཡིད་གསུམ་སྟོང་སྦྱོང་བྱ་མི་ཐུབ་པས།

བྱ་རྒོད་འཕུར་ཤུལ་ནས།

རང་ཉིད་ཀེང་རུས་འགྱུར་མིན་བསམ་བློ་གཏོང་དགོས་བྱུང༌།

ངས་ཤེས་སོང་སྟེ།

རང་ཉིད་རང་ཉིད་ཀྱི་བདག་པོ་ཡིན་པ་ཤེས་སོང་ལ།

པོ་ཏ་ལ་རང་ཉིད་ཀྱི་བདག་པོ་ཡིན་པའང་ཤེས་སོང༌།

ང་ཤེས་པའི་སྔ་རོལ་དུ། ད་དུང་མཛེས་སྡུག་གིས་ཁེངས་ཡོད་པས།

ཞི་བདེའི་བཙན་རྫོང་རེ་རེ་ན།

ལྷ་དང་བཙན་པོའི་རྣམ་ཤེས་འཁོར་འདུག་པའང་ཤེས་མ་སོང༌།

མ་ཤེས་པའི་སྔ་རོལ་དུ། ད་དུང་མཛེས་སྡུག་གིས་ཁེངས་ཡོད་པས།

ཞི་བདེའི་བཙན་རྫོང་རེ་རེ་ནའང༌།

ལྷ་དང་བཙན་པོའི་རྣམ་ཤེས་འཁོར་འདུག་པའང་མ་ཤེས།

གནས་དེ་རུ།

ད་དུང་རང་ཉིད་ཡོད་པ་ཡང་ཤེས་མ་སོང༌།

ལྷ། འོད་གོར་གྱིས་བཞུགས་ཡོད་ལ།

འཛུམ་མདངས་རེ་རེ་ནི་མེ་ཏོག་རེ་རེ་ཡིན་ནོ།

མེ་ཏོག་ལ་ཡང་ངུ་ཁ་མེད་པ་མིན་ལ།

ངུ་ཁ་འཛུམ་མདངས་ཀྱི་བརྩེ་བ་ཅི་ལ་མེད།

དེ་རིང༌། ལྷ་ཡི་འཇིག་རྟེན་དུ་ཡང༌།

མི་ཡི་བརྩེ་བ་ཡོད་ལ་འདྲེ་ཡི་ཆོ་འཕྲུལ་ཡང་ཡོད།

མཇལ་བ་ཚོ།

དལ་ཅག་གེར། ལྷིང་འཇགས་སེར།

མཆོད་མཇལ་ལ་འགྲོ་གིན་མཆིས་ན།

ངའི་བསམ་པར།

ཁྱོད་མཇལ་བ་ཞིག་ཡིན་པས།

ང་ཚོ་ཡང༌། རང་གི་ཞིང་ཁམས་འཚོལ་བའི།

ལྷ་ཚོགས་ཀྱི་ཞིང་ཁམས་ཤིག་ཡིན་པས།

ལྷ་སྲིན་སྡེ་བརྒྱད་ཀྱི་ཆོ་འཕྲུལ་ལས།

ང་ཚོ་འཚུབ་མ་བཞིན་འཁོར་འགྲོ་ན་ཡང༌།

ང་ཚོ། ང་ཚོའི་པོ་ཏ་ལ་བཞིན།

གོར་མའི་ཨུ་ཚུགས་ཀྱིས་འགྱིང་དགོས་ཨང༌།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d