ཕྱི་ལོ་གསར་པའི་མཛད་འཕྲིན་གྱི་ཐོག་མ་བསྐྱངས་པ།

       ༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་གྷུ་ཇི་ར་ཏི་ Gujarat མངའ་སྡེའི་གྲོང་ཁྱེར་སུ་ར་ཏྲ་ Surat ནང་སྙན་གྲགས་ཆེ་བའི་Shree Ramkrishna Exports ཞེས་པའི་ཕ་ལམ་ཕྱིར་ཚོང་བཟོ་ལས་ཁང་གི་འགན་འཛིན་སྐུ་ཞབས་གྷོ་ཝིནད་ཌོ་ལ་ཀི་ཡ་ Govind Dholakia ལགས་ཀྱིས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་པ་ལྟར་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཡོད།

 དེ་ཡང་༧གོང་ས་མཆོག་སུ་ར་ཏྲ་གནམ་ཐང་དུ་༧ཞབས་སོར་འཁོད་སྐབས་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པས་ཕེབས་བསུ་གཟབ་རྒྱས་དང་བཅས་ཕ་ལམ་ཕྱིར་ཚོང་བཟོ་ལས་ཁང་གསར་པ་དང་ལས་ཁུངས་བཅས་སུ་ཆིབས་བསྒྱུར་བསྐྱངས་སྟེ་སྐུ་ཞབས་ཌོ་ལ་ཀི་ཡ་ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་བཟོ་གྲྭའི་སྡེ་ཚན་ཁག་ངོ་སྤྲོད་ཞུས་གནང་འདུག སྐབས་དེར་ཁོང་གིས་རང་ཉིད་ཐོག་མར་ཞིང་ལས་ནས་ཕ་ལམ་བཟོ་གྲའི་ཚོང་ལས་གཉེར་སྟངས་སྐོར་དང་། ཁོང་གི་རྩ་བའི་བླ་མ་ཤྲི་ཌོང་རེ་ཇི་མཱ་ཧཱ་རཱཇ་ (Shree Dhongreji Maharaj) མཆོག་གི་བཀའ་དགོངས་ལྟར་བཟོ་གྲྭའི་ནང་ཕྱག་ལས་གནང་མཁན་ཚང་མར་ནང་མི་གཅིག་གི་འདུ་ཤེས་བཟུང་སྟེ་གུས་བརྩི་བྱེད་བཞིན་ཡོད་པས། ལས་མི་ཚོས་ཀྱང་དེ་མཚུངས་ཀྱི་རང་ཉིད་ལ་མཉམ་རུབ་དང་གུས་བརྩི་ཞུ་གི་ཡོད་པ་སྙན་སྒྲོན་ཞུས་པར། ༧གོང་ས་མཆོག་གིས། སྦྱིན་བདག་དང་ལས་མིའི་དབར་གྱི་བརྩི་མཐོང་ནི་ཚོང་ལས་ཡག་པོ་ཡོང་བའི་ཆ་རྐྱེན་གཙོ་བོ་ཞིག་ཡིན། འཕྲུལ་ཆས་མེད་ན་འགྲོ་བ་མི་ལ་ཕུགས་དམིགས་མེད་པ་ལྟ་བུ་རེད། འོན་ཀྱང་འཕྲུལ་ཆས་ལ་བསྟེན་དྲགས་ནས་འགྲོ་བ་མིའི་ཚོར་བ་མ་བརླག་པ་བྱེད་རྒྱུ་ཡང་གལ་ཆེན་པོ་ཡིན། ཞེས་བཀའ་སློབ་སྩལ་རྗེས། མགོན་པོ་མཆོག་གིས་བཟོ་གྲྭའི་སྡེ་ཚན་ཁག་ལ་ཐུགས་ཞིབ་མཛད་པ་དང་། ལས་མི་ཚོར་མཇལ་ཁ་དང་བཀའ་མོལ་གནང་ཡོད་པ་མ་ཟད། ཉིན་གུང་ལྗགས་སྨིན་བཟོ་ལས་ཁང་དེའི་སྤྱི་ཐབ་ནང་ལྷན་བཞེས་མཛད་ཡོད་པ་རེད། 

ཚོགས་ཁང་ནང་ན་གཞོན་སློབ་མ་ ༤༠༠༠ བརྒལ་བར་བཀའ་སློབ་སྩལ་ཡོད་པ་རེད། དེ་ཡང་༧གོང་ས་མཆོག་གིས་བཀའ་སྩལ་དོན། ངོས་རང་དེ་རིང་འདིར་གཞོན་སྐྱེས་ཚོ་དང་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། དེ་ནི་རྒྱུ་མཚན་གཉིས་ཀྱི་ཐོག་ནས་ཞུ་ཡི་ཡོད། དང་པོ་དེ་ངོས་རང་ལོ་ན་རྒན་གྲས་ཤིག་ཡིན་པའི་ཆ་ནས་ལོ་ན་གཞོན་པ་ཚོའི་དཀྱིལ་ལ་བསླེབས་དུས་རང་ཉིད་ཀྱང་ན་གཞོན་ཀྱི་ཚོར་སྣང་ཞིག་ཡོང་གི་འདུག རྒན་གོག་ཚོའི་དཀྱིལ་ལ་ཡོད་སྐབས་ང་ཚོའི་སུ་སྔོན་ལ་འཆི་འགྲོ་བསམས་པ་ཡོང་གི་འདུག གཉིས་པ་དེ་འདས་ཟིན་པའི་དུས་ཚོད་ལ་འགྱུར་བ་གཏོང་རྒྱུ་མེད། འོན་ཀྱང་དེ་ནས་ལེགས་བྱ་ལེན་རྒྱུ་ཡོད། དེ་ལས་གལ་ཆེ་བ་ནི་ཡོང་རྒྱུ་བསྡད་པའི་དུས་ཚོད་འདི་ཡིན། མ་འོངས་པར་གང་ཡོང་གི་ཡོད་པ་ངེས་གཏན་མེད་ཀྱང་འགྱུར་བ་གཏོང་རྒྱུའི་ནུས་པ་དེ་ང་ཚོར་ཡོད། དེ་ཡོང་བར་ཕུགས་རྒྱང་རིང་པོའི་འཆར་སྣང་ཞིག་དགོས་ཀྱི་རེད་ལ་དེ་གྲུབ་པར་འབད་བརྩོན་བྱེད་དགོས་པ་ཡིན། ད་ལྟའི་གཞོན་སྐྱེས་ཚོ་དུས་རབས་ ༢༡ པའི་མི་རབས་ཤིག་ཆགས་ཀྱི་ཡོད།

  གལ་སྲིད་གཞོན་སྐྱེས་ཁྱེད་རང་ཚོར་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་འདོད་ཀྱི་ཡོད་ན། སོ་སོའི་ཉིན་རེ་ཉིན་རེའི་མི་ཚེ་དེ་དོན་དང་ལྡན་པ་ཞིག་སྐྱེལ་ཐབས་བྱེད་དགོས་པ་ཡིན། ཁྱེད་ཚོས་སློབ་སྦྱོང་བྱས་ནས་འགྲོ་བ་མིའི་རྣམ་དཔྱོད་རྩལ་དུ་ཐོན་པ་ཞིག་དང། བྱམས་བརྩེའི་བསམ་པ་གོང་འཕེལ་གཏོང་དགོས་པ་ཡིན། དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་དག་མིས་བཟོས་པ་ཤ་སྟག་ཡིན་པར་བརྟེན། དེ་མེད་པ་བཟོ་རྒྱུའི་ཐབས་ལམ་ཡང་ང་ཚོར་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་དང། རྒྱ་གར་གྱི་གནའ་བོའི་རིག་གཞུང་ནས་བྱུང་བའི་འཚེ་མེད་ཞི་བ་དང་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་ལ་ཡི་རང་བསྔགས་བརྗོད་མཛད་པ་དང་འབྲེལ། རྒྱ་གར་གྱི་སེམས་ཁམས་རིག་པའི་ལྟ་གྲུབ་དེ་དུས་ད་ལྟ་ཡང་ཆེ་མཐོང་ཞུས་འོས་ཤིག་ཡིན་པ་དང་། ལྷག་པར་མང་གཙོའི་རྒྱལ་ཁབ་ཆེན་པོའི་ཁོངས་སུ་གཏོགས་པའི་རྒྱ་གར་གྱི་གཞོན་སྐྱེས་ཚོས་སོ་སོའི་རྒྱལ་ཁབ་ཙམ་མ་ཟད་འཛམ་གླིང་སྤྱི་ལ་ཞབས་འདེགས་བསྒྲུབ་དགོས་ཀྱི་རེད་ཅེས་སོགས་ཀྱི་བཀའ་སློབ་དང་མང་ཚོགས་ཀྱི་དྲི་བར་བཀའ་ལན་ཡང་སྩལ།

  དེ་རྗེས་༧གོང་ས་མཆོག་གིས་སུ་ར་ཏྲ་གྲོང་ཁྱེར་ནང་བོད་མི་སུད་ཚོང་བ་ ༧༥༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་བརྟན་པོ་གནས་དགོས་པ་དང་། བོད་མི་རྣམས་ནས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱས་ནས་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་དང་། བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་བཀའ་སློབ་ལམ་སྟོན་སྩལ་ཡོད།

   ཕྱི་ཚེས་ ༢ ཉིན་ཐེངས་འདིར་༧གོང་ས་མཆོག་སུ་ར་ཏྲ་གྲོང་ཁྱེར་ནང་གདན་ཞུ་གསོལ་འདེབས་ཞུ་མཁན་Shree Ramkrishna Exports ཞེས་པའི་ཕ་ལམ་ཕྱིར་ཚོང་བཟོ་ལས་ཐེབས་རྩ་ཁང་གིས་མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ཞི་བདེའི་གོང་སྤེལ་གཏོང་སླད་ཀྱི་མཛད་འགན་ལ་ཆེ་མཐོང་ཞུ་ཆེད་Santokbaa Memorial Award ཞེས་པའི་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཡོད་པ་བཅས།

ཡོང་ཁུངས་རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s