མགར་བཟའ།

ཁུ་སིམ་ལྷིང་འཇགས་ཁྲོད་ན་སྡང་ཟུག་ཞིག།

འུར་ཟིང་འདུ་འཛིའི་ཁྲོད་ན་དུངས་པ་ཞིག

རང་སེམས་ཁད་ཀྱིས་རྨས་པའི་ན་ཟུག་གིས།།

སྟོང་བའི་ཐང་ཆེན་དཀྱིལ་ལ་གླུ་ཞིག་བླངས།།

རི་ཆུ་སྟོང་གི་འགག་ཕྲེང་རྔམ་ཞིང་བརྗིད།།

རེ་བའི་མིག་ཟུང་དེ་ལས་རྒྱང་དུ་བསྲིངས།།

གནམ་ཟླའི་དྲོད་འཁྱག་བར་གྱི་སེམས་པ་འདི།།

སུ་ཡིས་མི་རྟོགས་འཆར་ཡན་ལྷགས་མ་ཞིག།

ལོ་རྒྱུས་རྟགས་ཐམ་དམར་པོའི་གས་སྲུབས་ནས།།

དཔའ་བོའི་ཁྲག་རྩ་དྲོན་མོ་མེ་རུ་འབར།།

རི་བོ་རྨང་ནས་འགུལ་བའི་འཇིགས་སྣང་གིས།།

ཕམ་ཉེས་ཉི་ནུབ་འདར་བའི་ངང་ཚུལ་མཐོང་།།

ཚོར་མེད་རྡོ་ལུང་ནག་པོའི་ཁྲེལ་དགོད་ལ།།

རི་ལུང་སྨྲེངས་པའི་མིག་ཆུ་འོད་དུ་འཚེར།།

མི་གཟུགས་མི་ཡིས་འཆའ་བའི་དུར་ཁྲོད་ནས།།

རེ་བའི་རྣམ་ཤེས་གསོན་པོ་གང་དུ་ཡལ།།

༢༠༡༤ལོའི་ཟླ་༩པའི་ཚེས་༡༨ཉིན་བྲིས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: