ལྷ་ཆབ་སྦྱིན་པ།

དོན་ལྔའི་སྦུབས་སུ་ཉལ་བའི་རི་དྭགས་གཟུགས།།

གདོན་ཆེན་ཁྲག་གིས་མྱོས་པ་འཛུམ་གྱི་བུ།།

ལྕགས་ལ་ངར་ཆུ་བླུད་པའི་རང་བཞིན་འདི།།

རང་བྱུང་རིག་པ་གཞོབ་པའི་མེ་སྟག་ཉིད།།

 

གཏི་མུག་གཉིད་ངོ་ཟློག་པའི་གཏམ་བརྗོད་འདི།།

སྤྱང་ཀི་འོ་མས་ཟོས་པའི་ངལ་བ་ཙམ།།

རིན་ཆེན་རིལ་བུ་སྟོང་གིས་མི་སོས་པ།།

མི་མངོན་བྲང་གི་སྐྱིབས་ཀྱི་ཡམས་ནད་ཅིག།

 

རྒྱ་ཆེན་ཐོས་པ་བསགས་པས་ཉེས་པ་སྟེ།།

རྣམ་དཔྱོད་ཐོ་བས་བརྡུང་བ་དེ་ཡིས་སོ།།

འཇིགས་མེད་དཔའ་བོ་སྟོང་གི་གཡུལ་ས་ནས།།

བྲོས་པས་ཐར་བ་མེད་པའི་གཏམ་ཡང་བྱུང་།།

 

རལ་ཆེན་འཁུར་གྱིས་དོགས་པའི་ཁྱིམ་པ་དག།

འཁོར་བའི་འདམ་མྱགས་འཐུང་བས་ར་ཡང་བཟི།།

ལུས་ཀྱི་བཀོད་པ་ལྕི་བའི་བེམ་པོ་ཡང་།།

འཇའ་དང་འོད་ཀྱིས་དེངས་པའི་གཏམ་དག་མཚར།།

 

ཕ་བོང་རྡོ་ལ་བཏགས་པའི་དོམ་བུ་བཞིན།།

བདག་གི་རྣམ་ཤེས་གྲི་དང་མདུང་ལ་འཁོར།།

བསད་ཀྱང་འཆི་བ་མེད་པའི་རོ་ཞིག་གིས།།

བུ་རྒྱུད་ཕད་ཁ་དར་བའི་ཡུལ་ཞིག་བསྐྲུན།།

 

སུ་ཡིས་སྟ་རེ་འཕྱར་ཀྱང་མི་ཆོད་པ།།

འདོད་པའི་སྲད་བུ་ཁྲོ་ཡི་གཙང་བོ་ལྟར།།

ཕན་ཚུན་ལུ་གུ་བརྒྱུད་དུ་ཁྱབ་པ་འདིས།།

འཁོར་བ་འཁོར་བ་ཟེར་བའི་དོང་ཞིག་བྲུས།།

 

འདོད་ཆེན་སྙིམ་པ་བཟེད་པའི་འཇིག་རྟེན་འདི།།

ཐེག་དམན་ལུགས་ལ་བདེ་བའི་མཚོ་མོ་ཞིག།

སེམས་ཀྱི་གཟིངས་ཆུང་འགུལ་བར་བྱེད་པ་ཡང་།།

མ་སྒྲོལ་བ་རྣམས་གྲོལ་བའི་ཐབས་སུ་བཤད།།

 

གདོན་གྱི་སྤྱོད་པ་རྩུབ་མོར་འགོ་བའི་ལྷ།།

རྣམ་རྟོག་སྣང་བ་ལྕི་མོའི་འཁུར་གྱིས་དེད།།

ཤེད་མོང་མགོ་བོ་ཕྲག་ལ་ལྷུང་བ་འདི།།

བསམ་ན་སྙིང་བོ་མེད་པའི་དད་པར་ངེས།།

 

རང་བྱུང་སྨིག་རྒྱུའི་ཐང་ལ་ལྷུང་གྱུར་བའི།།

རི་དྭགས་ནད་པའི་ཚོགས་ཤིག་མཐོང་བ་ལྟའི།།

སྣོད་བཅུད་བསྣོལ་མའི་གོལ་འཛོལ་ཆེན་པོ་འདི།།

འཁོར་བ་ཆེན་པོར་སྔ་རབས་མཁས་པས་འབོད།།

 

བལྟས་ན་སྙིང་བོ་མེད་པའི་ཐང་ཆེན་འདི།།

མི་རབས་བརྒྱ་ཡི་བང་རྩལ་འགྲན་ཤུལ་ཏེ།།

མདོར་ན་བླ་དང་སྲོག་གི་རྩོལ་བའི་རྡུལ།།

རྔམ་གནག་རྔུལ་ཆུའི་གཙང་བོ་ཞེས་སུ་གྲགས།།

 

འཇིག་རྟེན་ཐམས་ཅད་གྲི་དང་མདུང་མོ་བཞིན།།

རྟག་པའི་མཐའ་ལ་ལྷུང་བའི་རྣོ་དབལ་ཡིན།།

མི་ཡི་འཛུམ་མདངས་ཆད་མཐར་ལྷུང་བ་ཡང་།།

མགོ་བོ་གང་ཡིན་དེ་ལ་ལྡེམ་པས་སོ།།

   ༢༠༡༥ ༡ ༨ ལ་ཨོ་གླིང་སེ་ནེ་རུ།

ངེད་དྲ་ཚིགས། 

དཔྱད་མཆན་སྤེལ།

%d