ཆ་རིས་སྐལ་བཟང་ཐོགས་མེད།

        དེ་ཡང་མཚོ་སྔོན་དུས་འཁྲུག་ཆེན་མོར་གྲགས་པའི་འབྱུང་རྐྱེན་ནི།རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་ ༼ ༡༧༢༠ ༽ ལོར་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་སྟོན་འཁོར་རྣམས་བོད་སོག་མན་ཇུའི་དམག་བཅས་ཀྱིས་ཡུལ་དབུས་ཆོས་ཀྱི་ཞིང་ཁམས་སུ་གདན་འདྲེན་ཞུས་ཏེ། ཕོ་བྲང་པོ་ཏ་ལར་གསེར་གྱི་ཁྲི་ལ་ཞབས་གསོལ་འཁོད་པའི་མཛད་སྒོའི་དགའ་སྟོན་གྱི་སྐབས་སུ། མན་ཇུའི་དཔོན་རིགས་མདུན་གྲལ་དུ་བཞག་ནས་བཀུར་གཟོས་ཆེ་བ་ཞུས་ཤིང་། མཚོ་སྔོན་གྱི་སོག་པོའི་དཔོན་རིགས་རྣམས་རྒྱབ་གྲལ་དུ་བཞག་སྟེ་བཀུར་གཟོས་ཆེན་པོ་མ་བྱས་པ་དང་། སྔར་རྒྱལ་དབང་ལྔ་བའི་རིང་དུ་གུ་ཤྲི་བསྟན་བཅོས་ཆོས་རྒྱལ་གྱི་གདུང་རྒྱུད་ཅིག་བོད་ཀྱི་རྒྱལ་པོར་བསྐོ་བའི་སྲོལ་ཡོད་པའང་སྐབས་འདི་ནས་དོར་ནས་མན་ཇུ་ལ་སྙིང་ཉེ་བ་ཁང་ཆེན་ནས་བྱ་བ་སྲིད་འཛིན་གྱི་གཙོ་བོར་བསྐོས་པ་དང་། སྡེ་སྲིད་སྟག་རྩེ་བའི་སྲོག་ལན་ལ་ངོ་ཆེན་ཅི་ཙམ་ཞུས་ཀྱང་དོན་སྨིན་མ་བྱུང་བ་སོགས་ཀྱི་དབང་གིས་མཚོ་སྔོན་གྱི་སོག་པོའི་དཔོན་རིགས་རྣམས་ཞེ་འཁོན་སྙིང་དུ་བཅངས་ཏེ་རང་ཡུལ་དུ་སླར་ཐོན་རྗེས་མན་ཇུ་གོང་མར་ངོ་རྒོལ་བྱེད་རྒྱུ་གྲོས་བགྱིས་ནས་གསེར་གདུང་ཆེན་མོའི་མདུན་དུ་བྲོ་བོར་མནའ་སྐྱེལ་གྱི་ལམ་ལ་ཞུགས་ཤིང་དེ་ནས་བཟུང་བོད་སོག་མཉམ་འབྲེལ་གྱིས་ཟིང་འཁྲུག་ཆེན་པོ་བསླངས་པ་ཡིན་ནོ།

      རབ་བྱུང་བཅུ་གཉིས་པའི་ཆུ་སྟག་ ༼ ༡༧༢༢ ༽ ལོར་མན་ཇུའི་གོང་མ་ཆེན་པོ་བདེ་སྐྱིད་རྒྱལ་པོ་སྐུ་འདས་ཤིང་། ཕྱི་ལོ་ཆུ་ཡོས་ ༼ ༡༧༢༣ ༽ ལོ་དེའི་སྲས་གོང་མ་གནམ་སྐྱོང་རྒྱལ་པོ་སྲིད་ཀྱི་ཁྲིར་མངའ་མཛད་ལ། གོང་མ་བདེ་སྐྱིད་གཤེགས་པའི་དུས་དང་བསྟུན་ལོ་འདིར་མཚོ་སྔོན་ཕྱོགས་སུ་གནས་པའི་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་གདུང་རྒྱུད་ཆིན་ཝང་བློ་བཟང་བསྟན་འཛིན་གྱིས་གཙོས་བོད་སོག་གི་དམག་ཤུགས་ཆེན་པོས་གོང་མར་ངོ་རྒོལ་བྱེད་པའི་ཟིང་འཁྲུག་བསླངས། མན་ཇུ་སྲིད་གཞུང་གིས་སྔར་ལྷ་སར་ཡོད་པའི་ཨ་ས་ཨམ་བན་དང་དཔུང་ཚང་མ་ཕྱིར་འཐེན་བྱས་ཐོག་མན་ཇུའི་དམག་མང་དང་བསྡབས་བསྒྲིལ་གྱིས་དམག་ཤུགས་ཆེན་པོ་མཚོ་སྔོན་ཕྱོགས་སུ་དྲངས་ནས་ཕམ། བསྟན་འཛིན་ཝང་རང་ཇུན་གར་དུ་བྲོས། བོད་སོག་གི་མི་འབུམ་ཕྲག་མང་པོ་བསད། མི་སྡེ་ཁྲི་ཕྲག་མང་བོ་རྩ་མེད་དུ་བརླགས། དགོན་སྡེ་འགའི་བླ་གྲྭ་འགའ་ཞིག་འདུག་མ་མཁས་པ་སོགས་ལ་བརྟེན་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་བླ་མ་སྐུ་ཞབས་ཆུ་བཟང་རིན་པོ་ཆེ་སོགས་བླ་མ་ཆེན་པོ་མང་པོ་གསོན་བསྲེག་བྱས། འདན་མ་གྲུབ་ཆེན་སོགས་བླ་གྲྭ་མང་པོ་ཞིག་གི་དབུ་མེ་ཏོག་བཞིན་དུ་བཅད། དགོན་ལུང་དང་། སེམས་ཉིད་དགོན། བཙན་པོ་དགོན། ཆུ་བཟང་དགོན་སོགས་བྱང་རྒྱུད་ཀྱི་དགོན་སྡེ་ཕལ་མོ་ཆེར་བསྲེག་གཏོར་འཕྲོག་བགྱིས་ནས་རྩ་མེད་དུ་བཏང་།སྐབས་དེར་མདོ་སྨད་ལྷོ་རྒྱུད་བླ་བྲང་བཀྲ་ཤིས་འཁྱིལ་སོགས།གནོད་བྱེད་ཁྱི་མང་དུ་གཙེས་ཚེ། །ཁ་རོ་ཙོག་འདུག་ལ་སྐྱོན་མེད། ། ཅེས་གསུངས་བ་ལྟར་ཁ་རོག་ཏུ་བསྡད་པས་སྐྱོན་མ་བྱུང་བར་བཤད། དུས་འཁྲུག་གི་སྐབས་འདི་དག་ཏུ་ཐུའུ་ཀྭན་ཆོས་ཀྱི་རྒྱ་མཚོ་པེ་ཅིན་དུ་རྒྱལ་ཁབ་ཀྱི་དབུ་བླར་བཞུགས་ཡོད་པ་དང་།ལྕང་སྐྱ་རོལ་བའི་རྡོ་རྗེ་པེ་ཅིན་དུ་གདན་དྲངས་ཡོད་སྟབས། ཁོང་རྣམ་གཉིས་ཀྱིས་ཐབས་མཁས་ཀྱི་ཞུ་བ་དང་།མཛད་སྒོ་གང་ཟབ་གནང་བའི་བཀའ་དྲིན་ལས་ལོ་འགའ་འདས་ཕྱིན་དགོན་སྡེ་རྣམས་རིམ་གྱིས་འཚོགས་ཐུབ་པ་བྱུང་ཞིང་།གོང་མའི་མཛོད་ནས་དགོན་ཁར་ཉམས་གསོ་བྱེད་པའི་རྒྱུ་ནོར་ཕུད། བོད་སོག་བྱིངས་ནས་ཀྱང་འབད་བརྩོན་ཆེན་པོ་བྱས་ཏེ། ས་བྱ་ལོ་ནས་བཟུང་དགོན་སྡེ་རྣམས་སླར་ཆགས་པའི་མགོ་ཚུགས་ཐུབ་པ་བྱུང་བའི་ཚུལ་སོགས་སློབ་དཔོན་ཆེན་པོ་དམུ་དགེ་བསམ་གཏན་མཆོག་གིས་གསུངས་ལྟར་ལགས་སོ།

<<བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་བ་>>ལས་བཤུས། 

One thought on “མཚོ་སྔོན་དུས་འཁྲུག

  1. Lobsang Namygal ཕྱི་ལོ། ༢༠༡༥ ཟླ། ༠༡ ཚེས། ༡༤ at ༥:༥༣ am

    ོལོ་རྒྱུས་འདི་ཧ་ཅིང་ཡག་པོ་བྲིས་འདུག་རྗེས་སུ་ཡིད་རིང་ཡོད་ །།།་འོན་ཀྱང་་མདོ་སྨད་ཕྱོགས་ནས་དམར་དམག་དང་མན་ཇུ་དང་མ་པུ་ཧྥང་སོགས་ལ་བརྩན་བརྒོལ་བྱུས་པའི་ལོ་རྒྱུས་ཁ་གསལ་རེ་དགོས་གལ་འདུག་པས་་༼༡༩༠༡་ནས་༡༩༥༩་བར་ལ་ཡོད་ན་ཆོག༽ སུ་རུང་ནས་ཁ་གསལ་གནང་སྐྱོངས་ཡོང་བའི་རེ་སྐུལ་ཞུ་་་་་་དབྱིན་ཡིག་་ཐོག་ནས་གཞན་མི་ཞིག་ལ་ལན་ཕུལ་དགོས་སོང་

དཔྱད་མཆན་སྤེལ།

%d bloggers like this: