གཡུ་མཚོ།

      མ་ཅིག་ལབ་སྒྲོན་ནི་དུས་རབས་བཅུ་གཅིག་པའི་སྐབས་ཀྱི་མི་ཡིན་ལ། ཁོང་ནི་ཁ་བ་རི་བོའི་ལོ་རྒྱུས་གར་སྟེགས་ཐོག་ཐོན་པའི་བུད་མེད་མཁས་གྲུབ་གཉིས་ལྡན་ཁྱད་དུ་འཕགས་པ་ཞིག་ཡིན་ལ་ཡུལ་འདིར་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་འདྲ་མིན་དར་ཞིང་འཕེལ་བའི་ལོ་རྒྱུས་ཐོག་གཅོད་ཡུལ་བའི་གཞུང་ལུགས་གསར་གཏོད་མཁན་གྱི་མཁས་པ་འགྲན་ཟླ་དང་བྲལ་བ་ཞིག་ཀྱང་རེད། དེ་ཡང་ཁ་བ་ཅན་གྱི་ཡུལ་གྲུ་ཆེན་མོའི་མཁས་པའི་རྒྱལ་མཚན་འཛིན་པ་ཕལ་ཆེར་དང་རྩོད་པ་བྱས་པ་མ་ཟད། རྒྱ་གར་གྱི་ཡུལ་ནས་ཕེབས་པའི་རྣལ་འབྱོར་པ་རྣམས་དང་ཡང་ཕན་ཚུན་དམ་བཅའ་འཇོག་ནས་རྩོད་པ་བྱས། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཡོངས་སུ་རྫོགས་པས་སྲས་རྒྱུད་དང་སློབ་རྒྱུད་སོགས་བུ་སློབ་རྒྱ་མཚོ་ལྟ་བུ་བསྐྱངས། བཀའ་ཚོམ་ཆེན་མོ་སོགས་བརྩམས་ནས་མཚན་སྙན་གྱི་བ་དན་མདོ་དབུས་ཁམས་གསུམ་དང་བལ་པོ་རྒྱ་གར་སོགས་ཁྱབ་ནས་བསམ་གྱི་མི་ཁྱབ་པའི་འཕྲིན་ལས་ཡོངས་སུ་རྫོགས། འདི་ལྟ་བུའི་མཁས་གྲུབ་གཉིས་ལྡན་གྱི་བུད་མེད་ཁྱད་དུ་འཕགས་པ་མ་ཅིག་ལབ་སྒྲོན་གྱི་འཁྲུངས་འདས་ཀྱི་ལྟ་བའི་སྐོར་ལ་བཞེད་པ་སྣ་ཚོགས་ཡོད་པས་ད་དུང་ཡང་གཅིག་མཐུན་གྱི་ལྟ་བ་ཞིག་མ་བྱུང་བས་དེའི་སྐོར་ལ་རགས་ཙམ་གླེང་བ་བྱའོ།


ལོ་རྒྱུས་དེབ་ཐེར་དུ་མ་ཅིག་ལབ་སྒྲོན་གྱི་འཁྲུངས་འདས་བཞེད་ཚུལ་མི་འདྲ་བ་འགའ།

    མ་ཅིག་ལབ་སྒྲོན་གྱི་མཚན་སྙན་གྲགས་དེ་ད་དུང་ཡང་མ་ནུབ་པ་མདོ་དབུས་ཁམས་གསུམ་དུ་ཁྱབ་ནས་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་སོགས་ཀྱིས་དད་པ་བྱ་ཡུལ་དུ་གྱུར་ཡོད་པ་མ་ཟད་ཁོང་གིས་སྲོལ་གཏོད་པའི་གཅོད་ལ་ཡང་བླ་སྤྲུལ་མང་པོས་གནའ་ནས་ད་བར་ཉམས་ལེན་བྱས་དང་བྱེད་བཞིན་ཡོད། འདི་ལྟར་སྐད་གྲགས་ཆེ་བའི་མ་ཅིག་ལབ་སྒྲོན་གྱི་འཁྲུངས་འདས་སྐོར་ལ་ལོ་རྒྱུས་དེབ་ཐེར་ཁག་ཏུ་བཞེད་པ་མི་འདྲ་བ་སྣ་ཚོགས་ཡོད་པས་རགས་ཙམ་གླེང་བ་བྱ།

      ཇི་སྐད་དུ། དེ་ནས་ལུག་ལོ་ཟླ་བ་གཉིས་པའི་ཚེས་བཅུ་གསུམ་གྱི་ནངས་པར། ཨ་མ་ཟེར་ནས་འབོད་དེ། ངའི་གོས་ནི། རས་གོས་དཀར་པོ་གསར་པ་སྤོས་དང་གུ་གུལ་གྱིས་བདུག་ཅིང་དྲི་བཟང་གིས་སྦགས་པ་ལ་བྱེད་དོ་ཟེར་བ་བྱུང་ནས། རས་དེ་བཞིན་དུ་ཚགས་བྱས་སོ། དེའི་ཚེས་བཅོ་ལྔའི་ཐོ་རེངས་སྐྱ་རེངས་ཤར་ཙམ་ན་སྐུ་བལྟམས་པས། དྲི་བཟང་དང་སྤོས་དུད་ཀྱིས་ཁྱིམ་གང་བ་དང། འོད་ཀྱིས་གང་བ་དང་། རོལ་མོ་མང་པོ་ནམ་མཁའ་ལ་གྲགས་པ་དང་། མེ་ཏོག་གི་ཆར་བབས་པ་དང་། ཡུལ་མི་ཐམས་ཅད་ཀྱིས་དཔོན་ཚང་གིས་ལྷ་རྣམས་ལ་མཆོད་པ་ཕུལ་བས། མེ་ཏོག་གི་ཆར་དང་། འཇའ་འོད་དང་། ནམ་མཁའ་ལ་སྒྲ་སྙན་པ་མང་པོ་སྒྲོགས་ཟེར་ཞིང་ཕྱག་བྱེད་དོ།། [1]ཅེས་གསུངས། ཡང་ཇི་སྐད་དུ། དེ་ནས་མ་ཅིག་དགུང་ལོ་དགུ་བཅུ་གོ་དགུ་བདེ་བར་གཤེགས་[2]ཞེས་གསུངས། དེ་ཡང་མ་ཅིག་རྣམ་བཤད་དུ་མ་ཅིག་ལབ་སྒྲོན་ལུག་ལོ་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་འཁྲུངས་པ་དང་དགུང་ལོ་དགུ་བཅུ་གོ་དགུ་བདེ་བར་གཤེགས་ཞེས་གསུངས་པ་ཙམ་ལས་འབྱུང་ཁམས་གང་དང་རབ་བྱུང་དུ་ཡིན་པ་སོགས་གསལ་པོ་བཀོད་མི་འདུག་པས་འདི་ནས་མ་ཅིག་ལབ་སྒྲོན་ནི་ག་དུས་འཁྲུངས་པ་ཡིན་པའི་སྐོར་གསལ་བོ་ཞིག་ཧ་ཅང་ཐག་གཅོད་བྱེད་དཀའ་ཡང་། མ་ཅིག་ལབ་སྒྲོན་མཆོག་དགུང་ལོ་དགུ་བཅུ་གོ་དགུ་བཞུགས་ཡོད་པ་གོང་གི་ལུང་འདི་ལས་ཧ་ཅང་གསལ་པོ་ཞིག་ཤེས་ཀྱིན་འདུག 

ཇི་སྐད་དུ། ལབ་སྒྲོན་ནི་ཡུལ་གཡེ་ལབས། གྲོང་འདབས་གྲོང་མཚོ་མེར་མོ། རུས་ཁེའུ་གང་། ཡབ་ཆོས་བླ། ཡུམ་ཀླུངས་མོ་འབུམ་ལྕམ་གྱི་སྲས་སུ་འཁྲུངས་ [3]ཞེས་གསུངས། ཡང་ཇི་སྐད་དུ། དེ་ལྟར་གཅོད་ཀྱི་གདམས་པས་བོད་ཁམས་གང་བར་མཛད་དེ་དགུང་ལོ་དགུ་རྩ་ལྔ་ལ་གཤེགས་[4]ཞེས་གསུངས། ལོ་རྒྱུས་དེབ་ཐེར་འདིར་ཡང་མ་ཅིག་ག་དུས་འཁྲུངས་དང་དུས་ནམ་ལ་འདས་པ་སོགས་ཀྱི་དུས་ཚིགས་གསལ་པོ་གང་ཡང་མེད་པས་འདི་ནས་ཀྱང་མ་ཅིག་ལབ་སྒྲོན་ནི་ག་དུས་འཁྲུངས་པའི་སྐོར་ཡང་བཤད་དཀའ། 

ཇི་སྐད་དུ། དེ་ཡང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་མོའི་རྣམ་པ་བསྟན་པ་དེ་ནི། ཡུལ་གཡེའི་ལབས། གྲོང་ཚོ་མེར་མོ། ཡབ་ཁེར་གར་ཆོས་བླ་དང་ཡུམ་སླུངས་མོ་འབུམ་ལྕམ་གྱི་སྲས་མོར་འཁྲུངས། མཚན་ལབ་ཀྱི་སྒྲོན་མར་གྲགས།[5]ཞེས་གསུངས་པ་དང་། དེ་ལས་ད་དུང་། དགུང་ལོ་དགུ་བཅུ་རྩ་ལྔའི་བར་དུ་བཞུགས་[6]ཞེས་གསུངས་སོ། དེ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་འདི་ལ་ཡང་མ་ཅིག་ལབ་སྒྲོན་ཀྱི་འཁྲུངས་འདས་གཉིས་ཀྱི་དུས་ཚིགས་གསལ་པོ་བཀོད་མི་འདུག དགུང་ལོ་དགུ་བཅུ་རྩ་ལྔ་བར་བཞུགས་པའི་ལྟ་བ་ནི་དེབ་ཐེར་སྔོན་པོ་དང་མཐུན།

ཇི་སྐད་དུ། ཇོ་བོ་བོད་དུ་མ་བྱོན་པའི་གོང་ཙམ་ལས་པྲ་སྒོམ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་བ་འཇུ་ལག་དང་ཉེ་བར་འཁྲུངས་པས་པྲ་སྡེ་སྒར་བ་བཅུ་གསུམ་བྱུང་། ཕ་དམ་པ་དང་ལབ་སྒྲོན་ཡུམ་སྲས་ཀྱང་ཕྱོགས་འདིར་བྱོན་པས་ལབ་ཀྱི་སྒོམ་ཁང་དང་། དམ་པའི་འོག་ཏུ་གྲགས་པ་སོགས་ཀྱང་ཡོད་ལ། ཁྱད་པར་ལབ་སྒྲོན་ཆུ་རྟ་ལ་འཁྲུངས་པའི་གྱ་གསུམ་དང་ས་ཡོས་ལ་འཁྲུངས་པའི་གྱ་དྲུག་རབ་བྱུང་གསུམ་པའི་ཤིང་འབྲུག་ཧོར་ཟླ་གསུམ་པའི་ཚེས་བཅུར་གཡའ་རིའི་གཏེར་འདི་སྦས་ཞེས་ཀུན་མཁྱེན་གསུངས། [7]ཞེས་གསུངས།   ལོ་རྒྱུས་དེབ་ཐེར་འདི་ལས་ཡང་མ་ཅིག་ལབ་སྒྲོན་གྱི་འཁྲུངས་པའི་ལོ་ཚིགས་དེ་གོང་གི་དེབ་ཐེར་དག་གི་ལྟ་བ་དང་མཐུན་གྱིན་མི་འདུག དེ་ཡང་དེབ་ཐེར་འདིར་མ་ཅིག་ལབ་སྒྲོན་གྱི་འཁྲུངས་ལོ་ལ་ལྟ་ཚུལ་གཉིས་བྱུང་བ་དང་། རབ་བྱུང་གཉིས་པའི་ཆུ་རྟ་ལོ་སྤྱི་ལོ་༡༡༠༢ལོ་དང་རབ་བྱུང་གཉིས་པའི་ས་ཡོས་ལོ་སྤྱི་ལོ་༡༠༩༩ལོའོ།  

ཇི་སྐད་དུ། རབ་བྱུང་གཉིས་པ་ཤར་བ། མ་ཅིག་ལབ་སྒྲོན་ལྕགས་ལུག་ང་བདུན། གླིང་རྗེ་གེ་སར་ས་སྟག་ལྔ་བཅུ་ཐམ་པ། རྗེ་བཙུན་མི་ལ་ལྕགས་འབྲུག་ཞེ་བརྒྱད། [8]ཅེས་གསུངས། དེ་ཡང་ལོ་རྒྱུས་དེབ་ཐེར་འདིར་མ་ཅིག་ལབ་སྒྲོན་ནི་རབ་བྱུང་དང་པོའི་ལྕགས་ལུག་ལོ་སྤྱི་ལོ་༡༠༣༡ལོར་སྐུ་འཁྲུངས་པ་བཞེད། དེ་ཡང་ད་དུང་། ཇི་སྐད་དུ། ཤིང་ལུག ལོ་ཆེན་རིན་ཆེན་བཟང་པོ་འདས། རྨ་སྒོམ་ཆོས་ཀྱི་ཤེས་རབ། བ་ཚབ་ཉི་མ་གྲགས། ཞང་སྟོན་ཆོས་འབར་རྣམས་འཁྲུངས། མ་ཅིག་ལབ་སྒྲོན་འཁྲུངས། ༼སུམ་པ། [9]ཞེས་གསུངས། ཚེ་བརྟན་ཞབས་དྲུང་གིས་མཛད་པའི་བསྟན་རྩིས་ཀུན་བཏུས་ཀྱི་རེའུ་མིག་ཏུ་བཀོད་པའི་སུམ་པའི་ལུགས་ལ། རབ་བྱུང་དང་པོའི་ཤིང་ལུག་སྤྱི་ལོ་༡༠༥༥ལོར་འཁྲུངས་པ་སོགས་གསལ།


མ་ཅིག་ལབ་སྒྲོན་གྱི་འཁྲུངས་འདས་ལོ་ཚིགས་དངོས་བཤད་པ།

       ཇི་སྐད་དུ། དེ་ནས་དགུང་ལོ་བཞི་བཅུ་ཞེ་གཉིས་དུས་སུ། ནུབ་གཅིག་གི་རྨི་ལམ་དུ་མ་ཅིག་མེ་ཏོག་གི་ཚལ་ཆེན་པོ་ཞིག་ཏུ་ཕྱིན་ཏེ། མེ་ཏོག་འདབ་མ་སྟོང་དང་ལྡན་པའི་ཁ་དོག་སྣ་ཚོགས་པ། འོད་ཀྱི་རང་བཞིན་ཅན་ཅིག་གི་སྟེང་དུ་སྐྱོ་སྟོན་བསོད་ནམས་བླ་མ་སྐུ་མདོག་དཀར་བོ་འཇའ་འོད་ཀྱི་རང་བཞིན་ཅན་ཞིག་ཏུ་བཞུགས་པའི་སྤྱི་བོར་དམ་པ་སངས་རྒྱས། དམ་པའི་སྤྱི་བོར་རྡོ་རྗེ་འཆང་ཆེན་པོ། དེའི་གཡས་སུ་འཇམ་དཔལ་དམར་བོ། གཡོན་དུ་ཨརྱ་དེ་བ། རྒྱབ་ཏུ་སུ་ཀ་སི་དྷི། མདུན་དུ་རྗེ་བཙུན་མ་སྒྲོལ་མ་དང་། དེ་རྣམས་ལོངས་སྐུའི་རྣམ་པ་ཅན་སྣང་ལ་རང་བཞིན་མེད་པར་བཞུགས་ནས། བདག་ལ་བྱིན་གྱིས་བརླབ་ཅིང་། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་ནས་ལུང་གི་རྗེས་སུ་གནང་བ་མང་པོ་མཛད། ་་་་་་་་་་་་་དེའི་ཚེ་གྲུབ་ཆེན་ལ་ཞལ་གྱི་སྨྱོ་བརྒྱལ་གྱིས་ཟིན་པས་མ་ཅིག་གིས་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་བྱེད་པ། རིན་ཆེན་སྒྲོན་མེ་ཞེས་པའི་གདམས་པ་ཐུན་མོང་མ་ཡིན་པ་ཞིག་གནང་ནས། དུར་ཁྲོད་གཅིག་ཏུ་ཞག་བདུན་ཉལ་བས། སྨྱོ་འབོག་གི་ནད་ཞི་ནས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས། གདམས་པ་དེའི་སྐོར་ཐམས་ཅད་མ་ཅིག་གིས་གནང་ནས། སྲས་ཀྱི་ཐུགས་སུ་ཆུད་པར་བྱས། དེ་ནས་དམ་པ་སངས་རྒྱས་ཟངས་རིར་སྤྱན་དྲངས་ཏེ། སྲས་རབ་ཏུ་བྱུང་ནས། ཆོས་སྟོན་ཆེན་པོ་མཛད་[10]ཅེས་གསུངས། འདི་ལས་ང་ཚོས་མ་ཅིག་ལབ་སྒྲོན་གྱི་འཁྲུངས་པའི་ལོ་ཚིགས་དངོས་དེ་གསལ་པོ་ཤེས་སླ། དེ་ཡང་ཕ་དམ་པ་སངས་རྒྱས་བོད་དུ་ཐེངས་བཞི་པར་སྤྱི་ལོ་༡༠༧༣ལོར་ཤ་འུག་ལྟག་སྒོ་ནས་གཉལ་དུ་བྱོན་ཏེ་ཡུམ་གྱིས་སྒྲིབ་པ་སྦྱངས་པར་ལ་ལྟོས་ནས་བཤད་ན། མ་ཅིག་ལབ་སྒྲོན་གྱི་འཁྲུངས་པའི་ལོ་ཚིག་དངོས་ནི་བདུད་འཇོམས་ཡེ་ཤེས་རྡོ་རྗེས་གསུངས་པའི་རབ་བྱུང་དང་པོ་ལྕགས་ལུག་ལོ་སྤྱི་ལོ་༡༠༣༡ལོར་དང་ཡོངས་སུ་མཐུན། མ་ཅིག་ལབ་སྒྲོན་རབ་བྱུང་དང་པོའི་ལྕགས་ལུག་ལོ་སྤྱི་ལོ་༡༠༣༡ལོར་འཁྲུངས་པ་ཡིན་ན། ཁོང་ཉིད་དགུང་ལོ་ཞེ་གཉིས་སྐབས་སུ་ནི་རབ་བྱུང་དང་པོའི་ཆུ་མོ་གླང་སྤྱི་ལོ་༡༠༧༣ལོར་ཡིན་པས་དེ་ནི་ཕ་དམ་པ་སངས་རྒྱས་བོད་དུ་ཐེངས་བཞི་པར་ཕེབས་པའི་དུས་དང་ཡོངས་སུ་མཚུངས་ལ། མ་ཅིག་རྣམ་བཤད་དུ་མ་ཅིག་ལབ་སྒྲོན་མཆོག་དགུང་ལོ་དགུ་བཅུ་གོ་དགུ་བཞུགས་པ་ལ་གཞིགས་ན་ཁོང་སྤྱི་ལོ་༡༡༣༡ལོ་ལ་འདས་པ་ཡང་གསལ་པོ་ཤེས་ཀྱིན་འདུག 


མཇུག་བསྡུ་བ།

           མ་ཅིག་ལབ་ཀྱི་ཤེས་རབ་སྒྲོན་མེ་ཡོངས་གྲགས་སུ་མཚན་བསྡུས་ནས་མ་ཅིག་ལབ་སྒྲོན་ཞིག་འབོད་བཞིན་ཡོད་པའི་དམ་པ་འདི་ཉིད་ནི་སྤྱི་བོད་ལ་བཀའ་དྲིན་ཆེ་བ་དང་། སྒེར་བོད་ཀྱི་བུད་མེད་རྣམས་ལ་མཚོན་ན་ཁོང་ཉིད་ནི་ང་ཚོའི་མིག་དཔེ་དང་ཁོང་ཉིད་ནི་ང་ཚོའི་བུད་མེད་ཀྱི་ང་རྒྱལ་བྱེད་འོས་པའི་དམ་པ་ཞིག་ཡིན་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་རེད། དེ་ཡང་མཁས་གྲུབ་གཉིས་ལྡན་གྱི་དམ་པ་འདིའི་འཁྲུངས་འདས་ཀྱི་སྐོར་ལ་ལོ་རྒྱུས་དེབ་ཐེར་ཁག་ཏུ་ལྟ་བ་མང་ཙམ་འདུག མ་ཅིག་རྣམ་བཤད་ལས་ལུག་ལོའི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་དམ་པ་འདི་ཉིད་འཁྲུངས་པ་དང་དགུང་ལོ་དགུ་བཅུ་གོ་དགུ་བཞུགས་པ་ཙམ་ལས་འཁྲུངས་འདས་ཀྱི་ལོ་རྒྱུས་དངོས་གསལ་པོ་ཤེས་མི་ཐུབ། དེབ་ཐེར་སྔོན་པོ་དང་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་མ་ཅིག་གི་ལོ་རྒྱུས་མི་ཉུང་བ་ཞིག་ཡོད་ཀྱང་ཁོང་ཉིད་དགུང་ལོ་དགུ་བཅུ་གོ་ལྔ་བ་བཞུགས་པ་རེད་ཅེས་པ་ལས་འཁྲུངས་འདས་ཀྱི་ལོ་ཚིགས་དངོས་ཕྱོགས་གསལ་པོ་བཀོད་མེད། མདོ་སྨད་ཆོས་འབྱུང་ལས་མ་ཅིག་གི་འཁྲུངས་འདས་སྐོར་ལ་ལྟ་ཚུལ་གཉིས་བྱུང་འདུག དེ་ཡང་རབ་བྱུང་གཉིས་པའི་ཆུ་རྟ་ལོ་སྤྱི་ལོ་༡༡༠༢ལོ་དང་རབ་བྱུང་གཉིས་པའི་ས་ཡོས་ལོ་སྤྱི་ལོ་༡༠༩༩ལོའོ། ཡིན་ཡང་འདི་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མི་འཚམ་པ་ཞིག་རེད་འདུག་སྙམ། ཇི་སྐད་དུ། རབ་བྱུང་དང་པོ་ཤར་བ་ན། ལོ་ཆེན་རིན་ཆེན་བཟང་པོ་དགུང་ལོ་བདུན་ཅུ་ཐམ་པ། ཁྱུང་པོ་རྣལ་འབྱོར་ལྔ་བཅུ་ཐམ་པ། ཇོ་བོ་རྗེ་ཞེ་དྲུག འབྲོམ་སྟོན་ཉེར་བཞི། མར་པ་དང་། གྲྭ་པ་མངོན་ཤེས་བཅུ་དྲུག [11]ཅེས་གསུངས། འདི་ལས་ང་ཚོའི་ཤེས་པ་ནི་གྲྭ་པ་མངོན་ཤེས་ནི་སྤྱི་ལོ་༡༠༡༢ལོར་སྐུ་འཁྲུངས་ཡིན། གྲྭ་པ་མངོན་ཤེས་ཅན་ནི་མ་ཅིག་གི་དགེ་རྒན་ལ་བསྟེན་མྱོང་པས། གལ་ཏེ་གོང་གི་དུས་ཚིགས་དེ་མ་ཅིག་གི་འཁྲུངས་ལོ་ཡིན་པའི་དབང་དུ་བཏང་ན་གྲྭ་པ་མངོན་ཤེས་ཅན་ངེས་པར་དུ་དགུང་ལོ་བརྒྱ་ལྷག་ཙམ་བཞུགས་དགོས། ཡིན་ཡང་ལོ་རྒྱུས་དེབ་ཐེར་ཁག་ལ་གསལ་པ་ནི་གྲྭ་པ་མངོན་ཤེས་ཅན་ནི་སྤྱི་ལོ་༡༠༩༧ལོར་སྐུ་འདས་པ་ཡིན་པས། འདི་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མི་འཚམ་སྙམ ད་དུང་མཁས་དབང་ཚེ་བརྟན་ཞབས་དྲུང་གིས་མཛད་པའི་བསྟན་རྩིས་ཀུན་བཏུས་ཀྱི་རེའུ་མིག་ཏུ་བཀོད་པའི་སུམ་པའི་ལུགས་ལ། རབ་བྱུང་དང་པོའི་ཤིང་ལུག་སྤྱི་ལོ་༡༠༥༥ལོར་འཁྲུངས་པ་གསལ། དཔྱད་རྩོམ་མང་པོ་རུ་མ་ཅིག་ལབ་སྒྲོན་གྱི་འཁྲུངས་ལོ་ནི་འདི་ཡིན་པ་བཤད་ཡོད་ཀྱང་། ཕ་དམ་པ་སངས་རྒྱས་བོད་དུ་ཐེངས་བཞི་པ་ཕེབས་པའི་དུས་ལ་ལྟོས་ནས་བཤད་ན་ལྟ་བ་འདི་ཡང་མི་འཐད་སྙམ། དེ་ཡང་མཁས་གྲུབ་གཉིས་ལྡན་གྱི་མ་ཅིག་ལབ་སྒྲོན་མཆོག་གི་འཁྲུངས་ལོ་ནི་བདུད་འཇོམས་ཡེ་ཤེས་རྡོ་རྗེས་གསུངས་པའི་རབ་བྱུང་དང་པོ་ལྕགས་ལུག་ལོ་སྤྱི་ལོ་༡༠༣༡ལོར་ཡིན། མ་ཅིག་དགུང་ལོ་ཞེ་གཉིས་ཀྱི་སྐབས་ནི་ཕ་དམ་པ་བོད་དུ་ཐེངས་བཞི་པ་ཕེབས་པའི་དུས་ཡིན་པས། མ་ཅིག་གི་བུ་ཡང་ཕ་དམ་པ་ལས་རབ་ཏུ་བྱུང་བ་སོགས་མ་ཅིག་རྣམ་བཤད་ལས་གསལ་པོ་བཤད་ཡོད་ལ། མ་ཅིག་ལབ་སྒྲོན་གྱི་འདས་ལོ་ནི་སྤྱི་ལོ་༡༡༣༠ལོ་ལ་ཡིན་ནོ།།


[1] མ་ཅིག་རྣམ་བཤད། ཆོས་ཀྱི་སེང་གེ་དང་གང་པ། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༢ལོར། ཤོག་གྲངས་༢༥༤

[2] མ་ཅིག་རྣམ་བཤད། ཆོས་ཀྱི་སེང་གེ་དང་གང་པ། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༢ལོར། ཤོག་གྲངས༣༡༩

[3] དེབ་ཐེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ། སུ་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༨༥ལོར། ཤོག་གྲངས་༡༠༡༩

[4] དེབ་ཐེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ། སུ་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༨༥ལོར། ཤོག་གྲངས ༡༠༤༠

[5] ཆོས་འབྱུང་མཁས་པའི་དགའ་སྟོན། ཆོས་ཀྱི་སེང་གེ་དང་གང་པ། དཔལ་བོ་གཙུག་ལག་ཕྲེང་བ། མི་རིགས་དཔེ་བསྐྲུན་ཁང་། ༡༩༨༦ལོར། ཤོག་གྲངས། ༡༣༧༠

[6] ཆོས་འབྱུང་མཁས་པའི་དགའ་སྟོན། ཆོས་ཀྱི་སེང་གེ་དང་གང་པ། དཔལ་བོ་གཙུག་ལག་ཕྲེང་བ། མི་རིགས་དཔེ་བསྐྲུན་ཁང་། ༡༩༨༦ལོར། ཤོག་གྲངས་༡༣༧༠

[7] མདོ་སྨད་ཆོས་འབྱུང་། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་། ༡༩༨༢ལོར། སྨོན་ལམ་རྒྱ་མཚོས་ཞུ་དག་བྱས། ཤོག་གྲངས།

[8] བདུད་འཇོམས་ཆོས་འབྱུང་། བདུད་འཇོམས་ཡེ་ཤེས་རྡོ་རྗེ། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།  ༡༩༩༦ལོར ཤོག་གྲངས། ༦༤༡

[9] ཚེ་བརྟན་ཞབས་དྲུང་། བསྟན་རྩིས་ཀུན་ལས་བཏུས། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༨༢ལོར། ཤོག་གྲངས། ༡༥༩

[10] མ་ཅིག་རྣམ་བཤད། ཆོས་ཀྱི་སེང་གེ་དང་གང་པ། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༢ལོར ཤོག་གྲངས༣༠༡

[11] བདུད་འཇོམས་ཆོས་འབྱུང་། བདུད་འཇོམས་ཡེ་ཤེས་རྡོ་རྗེ། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༦ལོར ཤོག་གྲངས། ༦༤༡

ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

%d bloggers like this: