འབའ་སྲས།

ད་ནི་བདག་གིས་ཆགས་རྩོམ་འབྲི་བའི་སྙུ་གུ་ལག་ནས་དོར་བར་བྱས།།

མཛེས་མ་དག་ལ་བརྩེ་འཕྲིན་འབྲི་བའི་སེམས་ཀྱང་རིམ་གྱིས་ཉམས་སོང་བས།།

བརྩེ་ལྡན་ཆུང་མར་ཁོ་ནར་དབང་བའི་སྙིང་གི་བདུད་རྩི་ཐིགས་པ་འདི།།

རང་སེམས་བུམ་པའི་ལྟོ་ལས་དྲངས་ཏེ་སྙུ་གུ་ཀུ་ཤའི་རྩེ་མོས་མཆོད།།

 

ཀྱེ་ཀྱེ་ཉོན་དང་བདག་གི་ཆུང་མ་བྱིས་པ་གསུམ་གྱི་ཨ་མ་ལགས།།

ཁྱིམ་ཚང་ཞིག་གི་ལྟོ་རྒྱབ་བར་ནས་ཤིན་ཏུ་རྒས་པའི་བཟའ་ཟླ་ལགས།།

ས་མཐའི་ཡུལ་ནས་སྐྱིད་སྡུག་གཉིས་ཀ་བདག་གི་མཉམ་དུ་མྱོང་རོགས་མ།།

ཁྱོད་ཀྱི་ལུས་ཕུང་མ་བདེ་བསྡད་ན་བདག་གི་སེམས་ཀྱང་ག་ལ་བདེ།།

 

དེ་བས་དེ་རིང་བདག་གི་སེམས་ན་སྨུག་ལོང་བཞིན་དུ་འཐིབས་པ་དང་།།

མར་ལ་མནན་ན་ཡར་ལ་འཕྱོ་བའི་རྒྱ་མཚོའི་རླབས་དང་མཚུངས་པ་ཡི།།

ལོ་ངོ་ཉི་ཤུར་ཁོག་ཏུ་སྐམ་པའི་ལྗོན་ཤིང་རུལ་བའི་ཡལ་ག་དག །

མྱི་སྐད་གསོན་པའི་ཆར་གྱིས་བརླན་ཏེ་ཕང་ཕུང་འདབ་མ་རྒྱས་པར་བྱེད།།

 

དང་པོར་ངེད་གཉིས་ཐོག་མར་འཕྲད་དུས་ཁྱོད་ནི་རྒྱ་སེ་མེ་ཏོག་གཅིག །

བར་དུ་འཚོ་བ་མཉམ་དུ་རོལ་དུས་ཁྱོད་ནི་ཙན་དན་ལྗོན་པ་ཞིག །

ད་ལྟ་རང་ཁྱིམ་ཐབ་ཀའི་འགྲམ་ན་ཁྱོད་ནི་གདུང་འདེགས་ཀ་བ་ཞིག །

མི་ཚེའི་རྒྱུད་རིམ་གསུམ་གྱི་ཁྲོད་ན་ཁྱོད་ནི་མེད་ཐབས་མེད་པ་ཞིག །

 

དཀའ་སྡུག་འཚོ་བའི་བྲག་ལ་སྣུན་ན་ཁྱོད་ནི་ལྕགས་ཀྱི་མདུང་རྩེ་ཞིག །

འཚོལ་དཀའི་འབྱོར་བའི་ལམ་དུ་རྒྱུགས་ན་ཁྱོད་ནི་ངལ་མེད་རྟ་ཕོ་ཞིག །

མེད་དང་མུག་གེས་མིག་ཆུ་མི་ཕྱུང་ཁྱོད་ནི་ལྕགས་ཀྱི་བུ་མོ་ཞིག །

གང་ལྟར་བདག་གི་བདེ་སྐྱིད་དག་ནི་ཁྱོད་ལ་བསྟེན་ནས་བྱུང་བ་ཉིད།།

 

གལ་སྲིད་ཁྱོད་དང་མཉམ་དུ་མེད་ཚེ་ད་ལྟ་བདག་ནི་ཅི་ལྟར་ཡོད།།

མི་ཡི་གྲལ་དུ་ཚུད་དང་ཚུད་མིན་བདག་ལ་བཤད་ཚོད་ཡོད་མ་ཡིན།།

གཅིག་ན་ཁྱི་དང་སྤྲང་བའི་ཚོགས་དང་ལྷན་ཅིག་གནས་ཀྱང་ཡོད་པར་སྲིད།།

ཆུང་བའི་དུས་ནས་རྒས་པའི་ལམ་འཕྲེང་ཇི་ལྟར་བརྒྱུད་མིན་བདག་གིས་ཤེས།།

 

ཁྱོད་དང་མ་འཕྲད་སྔ་རོལ་དུས་ན་བདག་ནི་སྐྱ་སྟོང་སྐྱ་སྟོང་ཞིག །

དྲིན་ཆེན་ཕ་མའི་ཁ་ལ་མི་ཉན་རང་འདོད་སྣང་བ་གང་ཤར་ཞིག །

བསྡད་སར་འགྲོ་སར་གང་ལ་བལྟས་ན་རྐང་རྗེས་ནག་པོ་ནག་པོ་ཞིག །

མི་ཡི་ལུས་ཅན་མི་གྲལ་མི་ཚུད་ས་འབུ་ཁྲོད་ཀྱི་འབུ་ནག་ཅིག །

 

ད་ལྟའི་དུས་ན་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་མིན་ཡང་སྐར་ཆུང་ལུས།།

སྲིན་འབུ་མེ་འཁྱེར་འོད་དང་མཚུངས་པའི་རང་ལུས་འོད་ཅིག་རྒྱུ་བ་ནི།།

ཉི་མའི་འོད་ཟེར་ལུས་སུ་འཕོགས་པ་ཕྱིར་ལྡོག་འཕྲོས་པའི་ངང་ཚུལ་ཏེ།།

བདག་པོས་བདག་བྱས་བྱས་པ་ཉིད་ལ་འབྲས་བུ་ཅུང་ཙམ་སྨིན་པ་འོ།།

 

བདག་གི་སྙུ་གུ་ས་རུ་མ་བཞག་སེར་མོ་རྩེ་རུ་འཁྱུག་པ་དང་།།

བདག་གི་མགྲིན་པ་འགག་པར་མ་བྱས་དབྱངས་ཀྱི་གྲེ་བ་འདེགས་པ་ཡང་།།

དབྱངས་ཅན་མ་ཡིས་སྔོན་ནས་བརྩེ་བའི་རྗེས་ཆགས་བྱིན་རླབས་མིན་པ་སྟེ།།

གང་ཞིག་འདོད་པའི་མངར་བའི་རོ་ལ་སྦྲང་རྩི་ཐིགས་པ་ཟགས་པ་ཉིད།།

 

དེ་བས་ཁྱོད་ཀྱི་ལུས་ཕུང་བདེ་དགོས་སེམས་ཀྱང་བདེ་བ་གལ་ཆེ་སྟེ།།

དབྱར་ངོ་སྤྲིན་གྱིས་དག་པར་བྱུང་ན་ཉི་ཟེར་ས་ལ་འབབ་པ་ཉིད།།

དེ་ཡིས་སྐྱེད་ཚལ་དགའ་བར་བྱེད་ཅིང་མེ་ཏོག་དག་ཀྱང་འཛུམ་པར་བྱེད།།

བདག་ཅག་ཁྱིམ་ཚང་འདི་ཡང་དེ་བཞིན་དགའ་སྤྲོ་འཛོམས་པ་རིང་དུ་གནས།།

 

ད་ནི་བདག་ཀྱང་མགོ་གཡེང་མི་བྱེད་ཁྱིམ་གྱི་ཀ་བའི་ཀ་རྡོ་བྱ།།

ད་ནི་ཁྱོད་ཉིད་གཅིག་བར་མི་བལྟ་ཁྱིམ་ཚང་འགན་ནི་བདག་གིས་ལེན།།

ཁྱོད་ནི་སྐྱོ་བའི་དུས་སུ་བསླེབས་ན་བདག་ནི་དགོད་པའི་གནས་མ་ཡིན།།

དེ་ལྟར་བྱུང་ན་མི་ཚེ་འདི་ལ་བཟའ་ཚང་ཞིག་གིས་ཅི་ཞིག་བྱ།།

 

སྙིམ་པའི་མེ་ཏོག་སོར་བཅུ་འདབ་མ་སྙིང་ཁའི་བུམ་པའི་ཁ་རྒྱན་དུ།།

ཉེ་བར་བཀོད་དེ་སྨོན་ལམ་གེ་སར་འོད་ལྡན་ལྷ་ཡི་ཁྲི་དྲུང་དུ།།

མཆོད་པར་བྱས་སོ་བསམ་ཞིང་རེ་བའི་སྒྲོན་མེ་འོད་ཀྱིས་འཁྱུད་པ་ཡི།།

སྣང་བ་དཀར་བོ་འོད་སྟོང་འབར་བས་བདག་གི་ཁྱིམ་ལ་དགེ་ལེགས་སྩོལ།།

ཁོ་བོའི་ཆུང་མ་ཉིན་འགའི་སྔོན་ཅུང་ཙམ་གཟུགས་གཞི་མ་བདེ་བར་སེམས་ཁྲེལ་དང་རང་སེམས་ཀྱང་སྐྱིད་པོ་མ་བྱུང་བས། ༡༥/༠༡/༡༠ ཉིན་ཁ་སྒང་བསམ་གཏན་རྒྱ་མཚོ་འམ་འབའ་སྲས་འབོད་པས་ཧྥ་རན་སིའི་རྒྱལ་ས་ཕ་རིས་སིའི་གྲོང་ཁྱེར་ནས་སྦྱར་བ་འོ།།

ངེད་དྲ་ཚིགས།

 

དཔྱད་མཆན་སྤེལ།

%d bloggers like this: