ཉིན་ཤས་སྔོན་ཧྥ་རན་སིའི་རྒྱལ་ས་ཕའེ་རན་སི་རུ་འཇིགས་སྐུལ་འཇབ་རྒོལ་འོག་མི ༡༧ ཙམ་རྐྱེན་ལམ་དུ་བཏང་པའི་དོན་རྐྱེན་བྱུང་བའི་རྗེས། རེས་གཟའ་ཉི་མའི་ཉིན་རྒྱལ་ས་ཕེ་རི་སི་རུ་མི་ཁྲི་བརྒྱ་ལྷག་འདུ་འཛོམས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་ཆིག་སྒྲིལ་གྱི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་ཁག་གི་དབུ་ཁྲིད་མང་པོ་ཞིག་ཀྱང་མཉམ་ཞུགས་བྱས་ཡོད་པ་དང་། ཆིག་སྒྲིལ་གྱི་འདུ་འཛོམས་དེ་ནི་ཧྥ་རན་སིའི་ལོ་རྒྱུས་ནང་གི་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད་པ་རེད།

      ཕྱི་ཟླ་༡ པོའི་ཚེས་༧ ཉིན་ཧྥི་རན་སིའི་རྒྱལ་ས་ཕེ་རི་སི་རུ་རྟེན་གཞི་བྱས་པའི་དགོད་བྲོའི་རི་མོའི་དུས་དེབ་ཁང་ཞིག་གི་ནང་། འཇིགས་སྐུལ་དྲག་སྤྱོད་པས་འཇབ་རྒོལ་དང་དེའི་རྗེས་སུ་བྱུང་བའི་མི་གསོད་དོན་རྐྱེན་ཁྲོད་ཁྱོན་མི་༡༧ རྐྱེན་ལམ་དུ་བཏང་ཡོད་པ་དང་། སྤྱི་ཚོགས་འབྲེལ་མཐུད་བརྒྱུད་ལམ་ཁག་ཏུ་དྲག་སྤྱོད་པས་མེ་མདའ་བརྒྱབ་སྟེ་མི་བསད་པའི་སྐབས་ཀྱི་བརྙན་པར་ཞིག་ཕྱིར་ཁྱབ་བསྒྲགས་བྱས་ཡོད་པའི་ནང་། འཇིགས་སྐུལ་འཇབ་རྒོལ་གྱི་བྱ་སྤྱོད་དེ་ནི་ཨ་རིས་ཁ་ཆེའི་རྒྱལ་ཁབ་ལ་དམིགས་པའི་མཁའ་ལམ་ནས་གཏོར་རྒོལ་ལ་འཁོན་ལན་སློག་ཆེད་ཡིན་སྐོར་བརྗོད་ཡོད་ཅིང་། ཧྥ་རན་སི་ཡང་ཨ་རིས་འགོ་ཁྲིད་པའི་མཁའ་ལམ་གཏོར་རྒོལ་གྱི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་དཔུང་དམག་ནང་དུ་འཛུལ་ཞུགས་བྱས་ཡོད་པ་རེད།

      ཕྱི་ཟླ་༡ པོའི་ཚེས་༡༠ ཉིན་ཧྥ་རན་སིའི་གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་གི་ནང་དུ་མི་ཁྲི་༧༠ བརྒལ་བས་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། འཇིགས་སྐུལ་འཇབ་རྒོལ་འོག་འདས་གྲོངས་སུ་གྱུར་པའི་མི་༡༧ ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་པ་དང་། མི་གསོད་དོན་རྐྱེན་དེ་ནི་ཧྥ་རན་སིའི་ནང་འདས་པའི་དུས་རབས་ཕྱེད་ལྷག་རིང་འཇིགས་སྐུལ་དྲག་སྤྱོད་ཚབས་ཆེ་ཤོས་ཆགས་ཡོད་འདུག ཕྱི་ཟླ་༡ པོའི་ཚེས་༡༡ རེས་གཟའ་ཉི་མའི་ཉིན་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིའི་གྲོང་ཁྱེར་ལྟེ་བ་རུ་མི་ཁྲི་༡༠༠ ལྷག་འདུ་འཛོམས་བྱས་ཏེ། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་ཆིག་སྒྲིལ་གྱི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། ཧྥ་རན་སིའི་སྲིད་འཛིན་ཧོ་ལན་ཌི་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གི་དབུ་ཁྲིད་མཉམ་ཞུགས་བྱས་ཡོད་པའི་ཁྲོད། དབྱིན་ཡུལ་གྱི་སྲིད་བློན་ཁེམ་རམ། འཇར་མན་གྱི་སྲིད་བློན་ལྕམ་མེ་ཁལ། ཨི་ཟི་རལ་གྱི་སྲིད་བློན་བྷན་རྗ་མི། པཱ་ཀི་སི་ཐན་མི་རིགས་དབང་འཛིན་ཚོགས་པའི་ཚོགས་གཙོ་མད་མཱོ་ཌི་ཨ་བྷ། རྗའོ་ཌན་ནྭི་ཡི་རྒྱལ་པོ་དང་རྒྱལ་མོ་སོགས་ཡོད་པ་དང་། མང་ཚོགས་རྣམས་ཕེ་རི་སིའི་གྲོང་ཁྱེར་ལྟེ་བའི་གཞུང་ལམ་སྟེང་འདུ་འཛོམས་བྱས་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་འགྱུར་བསྟན་ཡོད་པ་དང་། ཆིག་སྒྲིལ་གྱི་འདུ་འཛོམས་དེ་ནི་ཧྥ་རན་སིའི་ལོ་རྒྱུས་ནང་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་ཆགས་ཡོད་པ་རེད།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

ཡོང་ཁུངས་བོད་ཀྱི་བང་ཆེན།

དཔྱད་མཆན་སྤེལ།

%d bloggers like this: