གངས་དཔལ།   བོད།

སྐུ་བསོད་ཆེ་བའི་མགྲོན་པོ་ང་ཡི་ཚེ་རབས་སྔོན་མའི་གང་ཞིག་ལེགས།།

ཀྱེ་ཀྱེ་ལྷ་ཡི་རྨུ་ཐག་དར་དཀར་བདག་གི་ལས་སུ་འབྲེལ་ནམ་ཅི།།
མྱི་ཡི་མཆེད་ཁུངས་རིག་པའི་འབྱུང་གནས་ཤ་བྷ་ལ་ཡི་ཞིང་མཆོག་སྟེ།།
ལྷ་ཆེན་ཚངས་པའི་ཐུགས་སུ་བཀྲ་བའི་ཁ་བ་ཅན་ནས་སྐྱེས་སོ་ལོ།།

ཡུམ་གྱི་སྙིང་ནས་ལྗང་སྨྱུག་ལྟར་དུ་ནེམ་ཅིང་གཉོོམ་མོད་གནས་མཆོག་འདིའི།།
བྱམས་ཀྱི་ཉིད་འོད་སྙིང་རྗེའི་ཆར་གྱིས་རྩ་བ་རྒྱས་ཤིང་རྩེ་མོ་སྨིན།།
མདང་དགོང་མེས་པོས་ལོ་མང་འབད་པའི་གསུང་གི་རིང་བསྲེལ་ཆར་ཟོལ་གྱིས།།
ཤག་ཤག་བབས་པས་ང་ཡི་འབྲས་སུ་གསེར་འོད་འཁྱུག་པའི་ལྷག་བསམ་འཁྲུངས།།

དེ་རིང་བདག་གི་ཕྲག་ཞེང་ཆེ་ཞིང་བྲང་ཁོག་ནང་དུ་འཛམ་གླིང་ཤོངས།།
ཡང་སྙིང་གང་ཞིག་ཆུ་བོའི་རྒྱུན་གྱིས་དྲག་ཏུ་རྒྱུག་པ་གང་ཞེ་ན།།
དེ་ནི་གྱོང་དོག་མྱི་སེམས་འགག་སྒོ་ཅིག་ཅར་ཕྱེ་བའི་ཆོས་སྒྲ་སྟེ།།
བློ་དང་སྤོབས་པས་སྟོང་ཉིད་སྟོན་པའི་འགྲོ་བ་མྱི་ཡི་གཟུངས་འཇུག་ལགས།།

དུས་མཐའི་དེ་རིང་མིག་འབྲས་སྣ་ཚོགས་སྒེའུ་ཁུང་ནང་ནས་འདིར་གྱེར་ཏེ།།
ཀྭ་ཡེ་བློ་ལྡན་རྒྱ་ལས་བཀྲོལ་ཁྱོད་མི་རྗེ་ལྷ་བུ་ཡིན་ནམ་ཀྱེ།།
འདྲེན་བྱེད་ཟུང་ལས་སྙིང་རྗེའི་མཆི་མ་མུ་ཏིག་ཕྲེང་ལྟར་ལྷུང་བ་ཅི།།
ད་ལྟ་ནའང་ཁྲེལ་གཞུང་འབུར་བའི་བསྟན་འཛིན་སྐྱེས་བུ་ཞེས་དྲིས་ཚེ།།

བདག་གིས་ཝ་ཡེ་མགོ་བོ་དགྱེ་སྟེ་དབང་བོ་བདག་ལ་གསོན་གནོང་དང་།།
བདག་ནི་གངས་རི་སྤྲིན་ལ་ཟུག་པའི་འཛམ་གླིང་རྩེ་ནས་ཡིན་པ་དང་།།
ཕལ་བའི་མྱི་ལ་བསྡུར་ལེ་མི་འདུག་བདག་གི་སྐད་གསེང་འབྲུག་ལྟར་ལྡིར།།
དེ་ནི་མེས་པོའི་སེང་གི་གཡུ་རལ་གངས་རིའི་རྩེ་ནས་གསིག་པས་ཡིན།།

འབྲོང་དང་རྐྱང་ལ་འདྲེས་གཤིས་ཆེ་བས་བཤིས་ཀ་མཁྲེགས་ཅིང་བློ་ཕུགས་བརྟན།།
བསིལ་ལྗོངས་བོད་ཀྱི་འབྲུག་གི་སྒལ་ཚིགས་ཁོ་བོའི་རྒྱུངས་པར་ཟུག་པས་སོ།།
གཙོར་གྱུར་འགྲོ་བའི་འཆར་ཡན་ནང་ནས་ཁོ་བོ་བློ་རྒྱ་བསྐྱེད་ལ་དགའ།།
ངོ་མཚར་ལྷ་ཡི་འཕྲུལ་གྱི་ལྡེ་མིག་ས་ཆ་འདི་ན་མངའ་བས་སོ།།

ཀྭ་ཡེ་སྤུན་ཟླས་བདག་གི་མཆེད་ཁུངས་གང་ནས་ཡིན་ཞེས་ཅོ་མ་འདྲི།།
སྨུག་ཅིང་དམར་བའི་ཞལ་ལ་གཟིགས་དང་འཛུམ་དང་སྤོབས་པའི་ཁེངས་པ་དང་།།
གནག་ལ་སྣུམ་པའི་ལྕང་ལོའི་རལ་བར་སྙིང་རྗེའི་ཚི་དྲི་བྲོ་བ་སོགས།།
ཚངས་པའི་སྤྱོད་པའི་གཤིས་ཀྱི་ནང་ནས་ང་ནི་བོད་ཞེས་སྤོབས་པས་སྨྲ།།

ང་ཡི་མེས་པོའི་མགུལ་རྒྱན་དོ་ཤལ་རྒྱ་མཚོའིི་ནང་གི་མ་ཡིན་ཏེ།།
སྟོང་བའི་ངང་ན་འོད་ཟེར་འཕྲོ་བའི་མཐོན་མཐིང་རྩེ་ཡི་ཉི་ཟླ་ཡིན།།
སུམ་ཉིས་བཟུང་བའི་འདས་དོན་ཙམ་དེ་འོད་སྟོང་འཕྲོ་བ་མ་ཡིན་ཏེ།།
བསྐལ་བརྒྱར་བསྟན་པའི་ནང་བའི་སེམས་འདི་ང་ཡི་མེས་པོའི་དཀའ་ཐུབ་ཡིན།།

ང་ཡིས་གློ་བུར་གོས་དཀར་བཀླུབས་པའི་རི་ཚོགས་གསེབ་ཀྱི་རི་སྡེ་ཞིག །
འཇའ་དང་འོད་རིས་དགྱེས་པའི་ཞལ་ན་དམུལ་དམུལ་མཐོང་བ་ཅི་ཞིག་ལགས།།
སྤྲ་ནས་མཆེད་པའི་བྱང་ཆུབ་སེམས་དཔའ་སྐལ་ལྡན་ངེད་ཅག་མཐོང་ངམ་ཀྱེ།།
ཨེ་ཡིན་གསུང་ཞེས་དུས་མཐའི་མྱི་ཡིས་ཞྭ་མོ་ཕུད་ནས་ཞུས་པས་ན།།

བདག་གིས་ལགས་སོ་ཆུ་བུར་མིག་གིས་མག་མོག་ཙམ་ཞིག་སྣང་བ་ཀན།།
ཞི་བའི་གནས་མཆོག་གདུགས་དཀར་བཏེགས་པའི་སྟོང་ཆེན་སྒང་བ་བོད་པ་ཞེས།།
ཚེ་ལས་བསོད་ནམས་ལེགས་པར་དྲངས་ན་དལ་འབྱོར་གན་ནས་སྐྱེ་བ་སྟེ།།
གང་གི་ཚེ་ན་སེམས་མེད་ཀུན་གྱིས་སྤྱོད་པ་མིག་དཔེར་འཛིན་ས་ཡིན།།

དཔྱིད་དཔལ་བུ་མོས་མཐིང་མདོག་གོས་ལྗང་མེ་ཏོག་གཙེགས་ནས་བཏང་པ་ཡི།།
སྟུག་པོ་སྨུག་པས་ས་འཛིན་བསྡམ་པའི་ཡངས་པའི་གངས་ལྗོངས་ཆེན་མོ་ལ།།
བདག་གི་རྣམ་ཤེས་ཁུ་བྱུག་སྔོན་མོས་ཀི་ཀིའི་གསུང་སྙན་སྒྲོག་པ་འདི།།
ལྷོ་ནས་ཡོང་བའི་མགྲོན་པོ་ཡིན་ཞེས་རྟ་ཙམ་བཏང་པ་མ་ཡིན་པར།།
ཚེ་རབས་སྔོན་མའི་དུངས་པ་ཟབ་མོ་ཁ་བ་ཅན་ན་ལྷག་པས་ཡིན།།

༢༠༠༩ ༢ ༣ཉིན།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading