འབའ་རྫོང་ལྟག་ཡན་སྡེ་བའི་༼བདེ་ཐང་ཁོར་སྲུང་ཚོགས་པ༽འི་གནས་ཚུལ་ཙམ་གླེང་བ།

གངས་དཔལ།

༼སྔ་དུམ༽

     ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་ལྟག་ཡན་སྡེ་བའི་སྡེ་མི་རྣམས་ཀྱི་ཐུགས་བཀོད་འོག་ ༢༠༡༣ ལོའི་ཟླ་ ༣ པ་ནས་འགོ་བརྩམས་དེ་བདེ་ཐང་ཁོར་སྲུང་ཚོགས་པ་ཟེར་བ་ཞིག་རྩ་འཛུགས་བྱས་ནས་ད་བར་དུ་ཐེངས་བདུན་ལ་བྱ་འགུལ་སྤེལ་བ་དང་། ཚོགས་པ་འདིའི་ཚོགས་མི་གཙོ་བོ་ནི་ས་གནས་དེ་གའི་འབྲོག་པ་མང་ཚོགས་དང་རྟ་ཐོག་སྨན་པ།  བྱིས་གཉོར་དགེ་རྒན། སློབ་ཆེན་སློབ་མ་སོགས་ཡིན།


གཅིག ཚོགས་པའི་དམིགས་འདུན།

     ཉེ་བའི་ལོ་འདི་གར་རོང་འབྲོག་ཁུལ་གྱི་གྲོང་བ་ ༼སྒབ་གྲོང་༽ དང་དགོན་སྡེ་དག་དུ་དུས་རྒྱུན་འཚོ་བའི་གད་སྙིག་ ༼འགྱིག་ཤོག་སོགས་མཚོན་པའི་གད་སྙིག་ཙམ་མ་ཡིན་པར་ལས་སྣོད་བྱས་ཡོད་པའི་ཚོང་ཟོག་དང་ནུབ་ལུགས་སྨན་རྫས་སོགས་ཀྱང་ཁོང་དུ་འདུ༽དང་རྫོབ་དངོས་འདྲ་མིན་ཤིག་གིས་རང་བྱུང་གི་ཆུ་མགོ་དང་གཤིན་ས་།རྩྭི་ཤིང་།ཕྲ་ཆུང་སྐྱེ་དངོས།ཁའ་དབུགས་ཆེན་མོ། དེ་བཞིན་དུ་ཚེ་སྲོག་ལ་རྒོལ་བའི་གནས་ཚུལ་ཡ་ང་བ་འབྱུང་གི་ཡོད་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་གྱིས་རང་བྱུང་སྐྱེ་ཁམས་ལ་འཚེ་བའི་གཏན་གནས་རང་བཞིན་གྱི་གནོད་བྱེད་འགོག་པ་དང་ཚེ་སྲོག་བདེ་ཐང་ལ་ཁུར་ཏུ་དམིགས་ནས་ང་ཚོས་འདིའི་ཕྱོགས་ཀྱི་ཤེས་བྱ་དྲིལ་སྒྲགས་དང་། བདེ་ཐང་འགན་བསྲུང་། མང་ཚོགས་དག་གི་ཉིན་རྒྱུན་གྱི་འཚོ་བའི་ནང་གི་གད་སྙིག་གནོད་པ་ཅན་དག་ལ་ཅི་ལྟར་དབྱེ་བ་འབྱེད་དགོས་པ་དང་།གནོད་པ་ཅན་གྱི་གད་སྙིག་དེ་དག་ཚད་ལྡན་དང་ཡང་དག འོས་མཚམས་ངང་ནས་དོ་དམ་དང་གཙང་དག་བྱེད་ཐབས་སོགས་དོན་དངོས་རང་བཞིན་གྱི་སློབ་གསོ་སྤེལ་དེ་ཐོན་ཁུངས་ཆུད་ཟས་དང་ཁོར་ཡུག་སྦགས་བཙོག་མེད་པའི་གོམས་གཤིས་བཟང་བོ་ཞིག་ལོབས་དུ་འཇུག་རྒྱུ་ནི་ཚོགས་པ་འདིའི་དམིགས་འདུན་ཡིན།


གཉིས། དོ་ཁུར་བྱ་ཡུལ།

     སྲ་གཟུགས་དང་སྲ་གཟུགས་ལ་ཉེ་བའི་གད་སྙིག་ ༼མདོག་ལྡན་ལྕགས་རིགས། རྫས་འགྱུར་རྒྱུ་ཆ་དག༽ དུག་ལྡན་དང་འབར་སླ་བ། རུལ་སླ་བ། རྫས་འགྱུར་གྱི་འགྱུར་བ་འབྱུང་སླ་བ། གཏོར་དཀའ་བ། འཕྲོ་ལྡན་དངོས་བོ་སོགས་སྲ་གཟུགས་དང་སྲ་གཟུགས་ལ་ཉེ་བ་སོགས་མཚོན་པའི་བཟོ་བསྐྲུན་གྱི་རྒྱུ་ཆ་སྣ་ཚོགས་དང་སྐགས་ཚས། འཛུགས་བསྐྲུན་སྙིགས་རོ་། ༼Hg,Cd,Cu༽གིས་ཕྱུག་པའི་ལྕགས་རིགས་ལྕི་མོའི་རྒྱུ་ཆ་ལས་བཟོས་བའི་མདོག་ལྡན་འགྱིག་ཁུག གློག་རྡུལ། དཀར་ཆག བྱུགས་རྫས། ཞ་ཉེའི་སྦུ་གུ། རུལ་འགོག་བྱུག་རྫས། ཐཱན་བསྐྱེད་རྫས་འགྱུར་༼PE,PAH,CH2O,KCN༽ རྒྱུ་ཆ། དཔེར་ན། ཞོར་ཟས་ཀྱི་ཕྱི་ཐུམ། རྒྱུ་སྤུས་ཚོད་འཛིན་རྫས། ཙི་གུའི་སྨན། འགྱིག་བཟོས་འབྱར་རྫས། སྣུམ་ཐུམ་སོགས་དང་། ནུབ་ལུགས་སྨན་རྫས་ཀྱི་གནོད་བྱ་དང་སྨན་ནུས་ཚོར་ལོག སྐུལ་རྩིའི་རིགས། འབྱུང་འགྱུར་དོ་ཁུར་ཧུར་ལེན་བྱེད་དགོས་པའི་འགོས་ནད་སྣ་ཚོགས་ལ་སྔོན་འགོག་དང་གཙང་སེལ། གད་སྙིག་ལ་དོ་དམ་བྱེད་ཐབས། རྫོབ་རྫས་ཀྱིས་རང་བྱུང་ཁམས་ལ་དྲག་གནོན་བྱེད་མུས་སུ་ཡོད་པ་དང་མཐོ་སྒང་གི་གཉོམ་ཞིང་ཉག་ཕྲ་བའི་ལྗང་མདོག་ཚེ་སྲོག་དང་གྲང་ལྡན་སྐྱེ་ཁམས་ལ་གཏན་གནས་རང་བཞིན་ཉེན་ཁ་འབྱུང་གིན་པ། ཉེན་ཁ་དེ་བྱུང་ནས་ཁོར་ཡུག་གི་རང་ནུས་ཤོངས་ཚད་དང་བརྒལ་ཚེ་། འཛམ་གླིང་གི་སྐྱེ་འགྲོ་ཐམས་ཅད་ལ་ཧ་ཅང་ཛ་དྲག་ཅིང་སྐྱོབ་ཐབས་བྲལ་བའི་ཉེན་ཁ་ཆེན་པོ་ཡོང་པའི་རྒྱུ་མཚན་ཐད་ཀྱི་ཤེས་བྱ་བསྒྲག་སྟེ། ཞིང་འབྲོག་མང་ཚོགས་ལ་ཤེས་གསལ་ཏུ་འཇུག་པ་དང་དགོས་སུ་བོད་དམངས་ཁྲོད་ཀྱི་ཁོར་ཡུག་བསྲུང་སྐྱོབ་ཀྱི་ཤེས་བྱ་དང་ཚེ་སྲོག་ལ་གཅེས་སྤྲོས་བྱེད་པའི་རླབས་ཆེན་གྱི་གོམས་གཤིས། ཆོས་ལུགས་རིག་གནས་ལ་རྒྱུད་འཛིན་དང་དར་སྤེལ་བྱེད་དགོས་པའི་གནས་ལུགས་ནི་ང་ཚོའི་ཚོགས་པ་འདིའི་དོ་ཁུར་བྱ་ཡུལ་ཡིན།


གསུམ། དམིགས་བྱའི་ཁྱབ་ཁུངས།

    རོང་འབྲོག་ཁུལ་གྱི་གྲོང་བ་དང་ཆུ་བོའི་འབྱུང་ཁུངས། གནས་རི། སློབ་གྲྭ དགོན་སྡེ་ཁག་སོགས་གཙོས་སུ་རང་བྱུང་ཁམས་ཆེན་མོའི་ཚེ་སྲོག་ལ་གཅེས་སྤྲོས་བྱ་རྒྱུ། མདོར་ན་བདེ་ཐང་ཁོར་སྲུང་གི་དམིགས་བྱ་ནི་བསམ་བློ་འཛམ་གླིང་ལ་ཁ་ཕྱོགས་ནས་ལག་ལེན་རང་གི་སྒོ་ཁ་ནས་འགོ་རྩོམ་རྒྱུ་དེ་ཡིན།  དེ་ནི་ང་དང་ཁྱེད་ཀྱི་བདེ་ཐང་གི་ཆེད་ཡིན།  ས་ཆེན་ཨ་མའི་དྲིན་མཇལ་གྱི་ཆེད་ཡིན།


༼བར་དུམ།༽

           ནང་སེམས་ཀྱི་དཔལ་ཡོན་ཉམས་བཞིན་པའི་དུས་རབས་འདི་ལ་ང་ཚོས་ ༼གད་སྙིགས་ཀྱི་དུས་རབས༽ ་སུ་འབོད་ཀྱིན་ཡོད་དེ། གད་སྙིགས་ཀྱི་དེང་སྐབས་སུ་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་དང་འཛད་སྤྱོད་རིང་ལུགས་ཀྱི་འཚོ་བའི་སྤྱོད་སྟངས་སོགས་གོ་འཛོལ་ཆེ་བས་ཚེ་སྲོག་བདེ་ཐང་ཐད་དུ་ཡ་ང་བའི་འཚེ་བ་ཡོང་གི་ཡོད་རེད། དེ་འདྲ་ཡིན་ཙང་། ༢༠༠༠ལོའི་རྒྱལ་སྤྱི་མཉམ་འབྲེལ་ཚོགས་པའི་སྙན་ཞུ་ལྟར་ན། ཕྱིའི་དཔལ་ཡོན་དར་བའི་དུས་སྐབས་འདིར་རྒྱལ་ཁབ་ཁག་གི་མི་གྲངས་དུང་ཕྱུར་བཅུ་ཡིས་ཆུ་གཙང་མོ་འཐུང་ཐུབ་མི་འདུག་པ་དང་ལོ་རེ་ལ་ཆུ་བཙོག་འཐུང་བའི་དབང་གིས་ཕལ་ཆེར་མི་ཁྲི་ཚོ་སྟོང་གཅིག་ཙམ་འཆི་བཞིན་ཡོད་རེད། འདི་དག་ཞར་དུ་བཞག་ནས་གཞན་ཞིག་དྲངས་ན།  མཚོ་བོད་ཞིང་འབྲོག་ས་ཁུལ་གྱི་མང་ཚོགས་མང་ཆེ་བར་ད་དུང་རིག་གནས་ཀྱི་འདུ་ཤེས་ཆུང་བའི་དབང་གིས་བརྙན་དང་ཁ་ཕྱོགས་ཙམ་གྱིས་དོ་ཁུར་དང་ལེན་བྱེད་དུ་འཇུག་རྒྱུ་ནི་ལས་དཀའ་བོ་རེད།  དེ་བས་མི་ལོ་ལྔ་བཅུ་ཙམ་ལ་བལྟ་སྐུལ་བ་མེད་པའི་ས་ཁུལ་འདི་དག་ལ་ཁྲིམས་མཐུན་མིན་པའི་ཁེ་ལས་རྫུན་བཟོ་དང་སྤུས་ཞན་གྱི་ཟས་རིགས་རྒྱུགས་ཆེ་བ། རྒྱུ་དང་བློ་བཞག་མི་ཚང་བའི་ལྷ་རྗེ་ཁེ་ལས་པ་ ༼ནུབ་ལུགས་སྨན་རྫས་ཀྱི་འཕྲོད་སྦྱོར་མི་ཤེས་པར་སྐུལ་རྩི་བསྟེན་ཆེ་བའི་སྨན་པ་༽ མང་པོའི་ཁེ་སྤོགས་ལེན་ས་རུ་གཏན་འགྱུར་བྱས་འདུག་ཡོད་རེད།  ས་ཁུལ་འདི་དག་གི་སྨན་པ་ཁག་ལ་མཚོན་ན་ཡང་ཚེ་སྲོག་འགན་ལེན་ལ་དོ་ཁུར་ཆེན་པོ་མཛད་ཀྱིན་མེད་ཁར་གད་སྙིགས་མ་ཟོས་ན་ལུས་པོའི་བདེ་ཐང་ལ་གནོད་པའི་ནུབ་ལུགས་སྨན་རྫས་ཀྱི་གད་སྙིགས་བསྟེན་མི་དགོས་པ་སོགས་ཀྱི་སློབ་གསོ་ནི་རི་བོང་གི་རྭ་སྟེ།  ཁོ་ཚོས་ཁེ་སྤོགས་ལེན་པའི་རིང་ལུགས་ལམ་ཆེན་ཁོ་ན་བསམ་གི་ཡོད་རེད།  ང་ཚོས་འདིར་དགོས་སུ་སྨན་པ་གླེང་དོན་ནི་ཚེ་སྲོག་བདེ་ཐང་ལ་འབྲེལ་བ་ཤས་ཆེ་བས་ཡིན།  དངོས་འབྲེལ་དྲང་འབྲེལ་གྱིས་འདི་འདྲ་ཡིན་པའི་རྒྱུ་མཚན་གྱིས་ད་ནི་ཚོང་ར་ཅན་དང་གྲོང་བརྡལ་ཅན།  རྫས་འགྱུར་རིང་ལུགས་ཀྱི་འཚོ་བ་སྤྱོད་སྟངས་འདིའི་མི་ལེགས་པའི་ཆ་དམིགས་སུ་བཟུང་ནས་ང་ཚོ་བདེ་ཐང་ཁོར་སྲུང་ཚོགས་པས་སློབ་གསོ་དང་དྲིལ་བསྒྲགས་བྱས་དེ་རོང་འབྲོག་པ་མང་ཚོགས་ཀྱི་གོ་རྟོགས་སད་དུ་འཇུག་རྒྱུ་ནི་སེམས་ཐག་གོར་མོ་རྡོ་ཡིན་རེད། འདི་ནི་མིའི་རིགས་ལ་བཅིངས་པའི་ལྷད་མེད་ཀྱི་བརྩེ་དུངས་ཡིན།


༼ཕྱི་དུམ།༽

     ཁྱེད་ཀྱིས་རང་ཉིད་ལ་གཅེས་སམ། རང་གི་ཚེ་སྲོག་ལ་རིན་ཐང་ཡོད་བསམ་མམ། གལ་ཏེ་ཡོད་ན་སྨན་ཁབ་རྒྱག་མི་རུང་། སྨན་ཁབ་ལྟ་བུ་ལ་མཚོན་ན་གཞི་རིམ་ས་ཁུལ་དུ་རྒྱུགས་ཆེ་བ་ཞིག་ཡིན་ཞིང་དེ་བཀོལ་སྤྱོད་བྱེད་པའི་རྟ་ཐོག་སྨན་པ་ ༼ཤང་སྡེ་སྨན་པ乡村医生༽ཁག་ལ་ནུབ་ལུགས་སྨན་གྱི་གཞུང་ལུགས་མེད་ཁར་སྡེབ་སྦྱོར་གྱི་ཚད་གཞི་ཡང་དག་ཅིག་དངོས་འབྲེལ་གྱིས་ཡོད་པ་མ་རེད། ནུབ་ལུགས་སྨན་རྫས་འདི་དག་ལ་མང་ཚོགས་ནས་རྒྱ་སྨན་ཞེས་གོ་བ་ལེན་གྱིན་ཡོད།  དེ་བས་ན་རྒྱ་སྨན་འདི་དག་གི་ནང་དུ་སྐུལ་རྩི་དང་རུལ་འགོག་གི་རྫས།འགྱུར་རྫས་སོགས་མང་པོ་འདུས་ཡོད་པས་ཚེ་སྲོག་ལ་བརྒྱ་ཆའི་བཅུ་ཡི་གནོད་འཚེ་ཡོང་གིན་ཡོད་རེད། དེའི་ནང་སྨན་རྫས་ཉེན་ཁ་ཅན་ཧ་ཅང་མང་སྟེ། དཔེར་ན། 刺五加 དང་清开灵 青霉素 头孢他啶  སོགས་ ༼གཞི་རིམ་མང་ཚོགས་ལ་ཆ་རྒྱུས་ཆེ་བའི་སྨན་མིང་སྐོར་ཞིག་ཡིན།༽ མཚོན་པ་དེ་དག་ལ་ཚོར་ལོག་བྱུང་ནས་ཚེ་སྲོག་ཤོར་སོང་བ་ཡང་མང་པོ་ཡོད་པ་རེད། དེའི་ཁར་སྨན་པ་༼འདིའི་སྐབས་ཀྱི་སྨན་པ་ནི་གཞི་རིམ་ན་སྨན་ཁང་སྒེར་བཙུགས་བྱས་ཡོད་པའི་སྨན་པ་ལ་གོ་དགོས།༽ རྣམས་ཀྱིས་ནི་ཁེ་སྤོགས་ཀྱི་ཆེད་དུ་མང་ཚོགས་ལ་འཕྲོད་བསྟེན་གྱི་སློབ་གསོ་གཏོང་གིན་མེད་ལ་ཕལ་ཆེར་གཞི་རིམ་སྨན་པ་ཚོས་ནི་སློབ་གསོ་ཡང་དག་ཅིག་ཡང་རྒྱག་ཤེས་གི་མ་རེད། ཡང་སྨན་པ་༼འདིའི་སྐབས་ཀྱི་སྨན་པ་ནི་ཤང་སྡེ་སྨན་པ 乡村医生ལ་གོ་དགོས༽ སྐོར་ཞིག་ནས་ཁྲག་ཤེད་མཐོ་བའི་གསོ་བྱ་དང་སྦྲུམ་མ། གཅིན་སྙི་ཟ་ཁུའི་ནད་པ་རེ་ཟུང་གི་གནས་ཚུལ་ཞིབ་གཤེར་གྱི་ཡིག་ཚགས་རྫུན་མ་བཟོས་ཏེ་གོང་རིམ་ལ་ཁྲལ་སྤྲོད་ཐབས་ཙམ་ལས་ས་གནས་ཁ་ཤས་ཀྱི་བྱིས་པ་རྣམས་ལ་རིམས་རྩི་ ༼འགོག་ཁབ༽ ཡང་དུས་ལྟར་རྒྱག་གི་ཡོད་པ་མ་རེད། འདི་འདྲའི་གནས་ཚུལ་མང་པོའི་འོག་ཏུ་མང་ཚོགས་ལ་དཔལ་འབྱོར་གྱི་དཀའ་ངལ་དང་འཕྲོད་བསྟེན་གྱི་དཀའ་ངལ་ནི་རབ་དང་རིམ་པ་ཡོང་གི་ཡོད་རེད། དངོས་གནས་མང་ཚོགས་ལ་ཐུགས་ཁག་མེད་དེ་ད་ལྟའི་དུས་རབས་འདིར་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ཉམས་བཞིན་ཡོད་ཁར་སློབ་བཤོལ་སློབ་མ་ ༼སློབ་ཆེན་ལ་རྒྱུགས་མ་འཕྲོད་པའི་ལྷག་མ༽ དང་དགོན་སྡེའི་དམ་ཉམས་པ་སོགས་གཞུང་ལུགས་དང་ལག་ལེན་མེད་པའི་མི་ལྷག་མང་པོ་ཞིག་འཕྲོད་བསྟེན་སློབ་གྲྭའི་འབྲིང་རིམ་ཙམ་ནས་ཕྱིར་ཐོན་ཏེ་ལུག་ཁྱུ་བཞིན་ཞོགས་གིན་ཡོད་མོད་ཁོ་ཚོའི་ནུས་པ་ནི་རུས་སྦལ་གྱི་སྤུ་ལྟ་བུ་རེད། འོ་ན་སྨན་ཁབ་རྒྱག་མི་རུང་ན་ཆམས་པ་སོགས་མཚོན་པའི་ནད་རིགས་ལ་སྔོན་འགོག་དང་བཅོས་ཐབས་ཨེ་ཡོད་ཟེར་ན་ཡོད་དེ། དེ་ནི་ཁྱེད་ཀྱིས་གད་སྙིགས་ ༼ལས་སྣོད་བྱས་ཡོད་པའི་ཚོང་ཟོག་སྣ་ཚོགས་དང་དུ་བ།༽ མི་བཞེས་རྒྱུ་གཙོ་བོ་རེད། རྒྱུན་དུ་མང་ཚོགས་ནས་གད་སྙིགས་མི་བཞེས་རྒྱུ་ལ་དོ་སྣང་དང་བོད་ཀྱི་སྨན་པ་རིག་ཡག་རྣམས་ཀྱིས་ཆིག་ཐང་གི་ལེའུ་སོགས་མཚོན་པའི་གཞུང་ལུགས་ལ་ཧུར་ཐག་གིས་ལག་ལེན་གནང་ཚེ་ད་བཟོད་ཆམས་པ་སོགས་ལ་ནུབ་ལུགས་སྨན་རྫས་བཀོལ་དགོས་ས་མ་རེད། གསལ་ཁ་གཏོང་རྒྱུ་ཞིག་ལ་གད་སྙིགས་ཀྱི་དུས་རབས་འདིར་ང་ཚོར་གད་སྙིགས་ཀྱིས་བསྐྱེད་པའི་རིམས་ནད་སྣ་ཚོགས་དང་གཅོང་ནད། འབྲས་སྐྲན་སོགས་འབྱུང་གི་ཡོད་ལ་དངོས་ནས་བཅོས་དཀའ་བ་འདི་དག་ལ་ནུབ་ལུགས་ཀྱི་སྨན་ཁང་ཚད་ལྡན་ ༼སྒེར་ཡིན་ན་ཡང་ཚད་ལྡན་གཞུང་ལུགས་ཅན།༽ ནས་གསོ་བཅོས་མི་བྱེད་ཐུ་མེད་རེད། ང་ཚོས་ངེས་པར་དུ་ནུབ་ལུགས་ཀྱི་དཔྱད་ཐུར་རིག་གནས་༼手术治疗学༽ཁས་ལེན་དགོས་ལ་བཀའ་དྲིན་ཞུ་དགོས། ཉེ་བའི་ལོ་འདི་དག་ལ་གཞི་རིམ་སྨན་པ་ཚོས་བདེ་ཐང་འགན་ལེན་ཕར་བཞག་སྟེ་རང་ཉིད་ཀྱི་ཁེ་སྤོགས་ཆེད་དུ་ལྗང་མྱུག་ལྟ་བུའི་ལོ་ཆུང་བྱིས་པ་ཚོ་ལ་ཡང་རྟག་ཏུ་ནུབ་ལུགས་སྨན་རྫས་ཁོ་ན་བསྟེན་གྱིན་ཡོད་རེད། དེ་བས་ན། གྲོགས་པོ་ལགས།  ཁྱེད་ཀྱིས་རང་ཉིད་ཀྱི་ཚེ་སྲོག་བསམ་ན་གད་སྙིགས་མ་བཞེས། དུ་བ་མ་འཐེན། ཁྱེད་ཀྱིས་རང་གི་སྙིང་ཉེ་བའི་བྱིས་པ་དང་བྱམས་ལ་བརྩེ་བའི་ཁྱིམ་ཚང་བསམ་ན་གད་སྙིགས་མ་བཞེས། དུ་བ་མ་འཐེན། ཁྱེད་ཀྱིས་མི་རིགས་དང་མིའི་རིགས་བསམ་ན་གད་སྙིགས་མ་བཞེས། དུ་བ་མ་འཐེན།

    ཁྱེད་ཀྱིས་མ་འོངས་པའི་མི་རབས་རྗེས་མ་དང་རླབས་ཆེན་གྱི་མ་ཡུམ་ལྟ་བུའི་རང་བྱུང་ཁམས་བསམ་ན་གད་སྙིགས་མ་བཞེས། དུ་བ་མ་འཐེན། ངོས་ནས་ཁྱེད་ལ་སོར་བཅུའི་པདྨོ་སྙིང་ཁར་སྦྱར་ནས་བཀའ་དྲིན་ཞུ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: