སྒྲུང་བཤད་མཁན་བསོད་ནམས་ལྷ་མོ།

       ཉིན་ཞིག་ཉི་ཆོས་བཟང་པོས་སྣེ་གདོང་རྒྱལ་པོའི་ཕག་པ་ཆེན་པོ་ཞིག་ཡོད་པ་དེ་ལྐོག་ཏུ་བསད་རྗེས་རྒྱལ་པོའི་དྲུང་དུ་ཕྱིན་ནས་“ རྒྱལ་པོ་རིན་པོ་ཆེ། ང་རང་ཚོའི་ཕག་པ་ཆེན་པོ་དེར་ནད་ཕོག་སྟེ་ཤི་འདུག་པས་ཇི་ལྟར་བྱེད་དགོས་སམ་” ཞེས་དྲིས་པར།

  རྒྱལ་པོས་ སྤུ་ཤུད་གཙང་མ་ཞིག་བཏང་ནས་ཁྲོམ་ལ་འཚོང་བར་རྒྱུགས། རིན་པ་ཇི་བྱུང་རྩིས་ལེགས་པར་རྒྱགས་དགོས་” ཞེས་བཤད།

དེས་ན་ཉི་ཆོས་བཟང་པོས་ཕག་ཤ་འཚོང་བར་སོང་། ཁྲོམ་གཞུང་དུ་འབྱོར་སྐབས་ཉི་ཆོས་བཟང་པོས་ ཕག་ནད་ཐེབས་པའི་ཕག་ཤ་གཟིགས། ཕག་པ་ཤི་བའི་ཤ་གཟིགས། ཕག་ནད་ཅན་གྱི་ཕག་ཤ་གཟིགས་” ཞེས་སྐད་བརྒྱབ་པས་ཕག་ཤ་ཉོ་མཁན་རྩ་བ་ནས་མ་བྱུང་།

   ཉི་ཆོས་བཟང་པོས་ཕག་ཤ་ཁྱེར་ནས་ཕྱིར་ལོག་ཡོང་། རྒྱལ་པོས་གནས་ཚུལ་དེ་མཐོང་རྗེས་ཁོ་ལ་ ཕག་ཤ་དེ་མ་བྲིན་ན་བཙོས་ནས་ང་ཚོས་བཟས་ན་འགྲིག་” ཅེས་བཤད་པར། ཉི་ཆོས་བཟང་པོས་“ རྒྱལ་པོ་རིན་པོ་ཆེ།ཁྱེད་ཀྱིས་ཕག་ཤ་མཆོད་དམ་ཡང་ན་ཤ་ཁུ་མཆོད་” ཞེས་ཞུས་པར། རྒྱལ་པོས་“ ང་ནི་སྣེ་གདོང་རྒྱལ་པོ་ཡིན་པས་ཤ་ལོས་ཟ་དགོས་བྱུང་། ཁྱོད་ཚོ་ངའི་གཡོག་པོ་ཡིན་པས་ཤ་ཁུ་འཐུང་དགོས། དེ་སྐོར་སྐད་ཆ་འདྲི་དགོས་དོན་གང་ཡོད་” ཅེས་བཤད།

    ཐེངས་དེར་ཉི་ཆོས་བཟང་པོས་ཕག་ཤ་ཚང་མ་ཞིབ་ཞིབ་གཏུབས་ཏེ་ཕག་ཀོ་དང་མཉམ་དུ་བཙོས། བཙོས་བཙོས་པའི་མཐར་ཤ་རྣམས་ལྡུར་ནས་ཤ་ཁུར་གྱུར་ཏེ་ཕག་ཀོ་ལས་ལྷག་མེད།

   ཉི་ཆོས་བཟང་པོ་དང་གཡོག་པོ་ཚོས་དྲི་ཞིམ་འཐུལ་བའི་ཤ་ཁུ་དེ་རྣམས་བཏུངས་པ་དང་ཉི་ཆོས་བཟང་པོས་རྒྱལ་པོར་ཕག་ཀོ་བཙོས་མ་དེ་ཕུལ་ནས་“ རྒྱལ་པོ་རིན་པོ་ཆེ། ཤ་ཚང་མ་ཤ་ཁུའི་ནང་དུ་ལྡུར་ཚར་འདུག ཕག་ཀོ་བཙོས་མ་འདི་བཞེས་རོགས་གནང་ཞེས་ཞུས་པར་རྒྱལ་པོ་ཅི་བྱ་གཏོལ་མེད་ངང་ཕག་ཀོ་བཙོས་མ་དེ་མ་བཟས་ཀ་མེད་གྱུར།

    ཐེངས་རྗེས་མར་ཕག་ཤ་ཟ་སྐབས་རྒྱལ་པོས་ཐོག་མ་ནས་ཉི་ཆོས་བཟང་པོར་ ད་རེས་ངས་ཤ་ཁུ་འཐུང་ཆོག ཁྱོད་ཚོ་ཤ་ཟོ་ཞིག་” ཅེས་བཤད། དེས་ན་ཉི་ཆོས་བཟང་པོས་ཤ་འཚོད་མ་ཐག་བཏོན་ནས་ཚང་མ་མཉམ་དུ་བགོས་ཏེ་བཟས་པ་དང་རྒྱལ་པོར་ཤའི་བྲོ་བ་ཙམ་ཡང་མེད་པའི་ཆུ་ལྟ་བུའི་ཤ་ཁུ་དེ་ཕུལ་བ་རེད།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d