རྩོམ་པ་པོ། ཧྲུའུ་ཕོ་ཕོ། ལོ་ཙཱ་བ། ནགས་ཤོད་སད་མི།
དུས་ནམ་ཡིན་མ་ཤེས་མོད། ( བོད་རིགས་མི ) ཟེར་རྒྱུའི་མིང་བྱང་འདི་གློ་བུར་ངང་ཚོང་འགུག་བྱེད་ཀྱི་རྟགས་མ་ཞིག་ཏུ་གྱུར་ཡོད། དེས་ན་རྒྱ་མི་ལ་ལས་བོད་མིར་བརྫུས་ནས་མགོ་གཡོག་མགོ་སྐོར་གཏོང་བཞིན་ཡོད།
ལོ་མང་སྔོན་དུ། ངས་སི་ཁྲོན་རྒྱ་རིགས་སྣེ་ཤན་པ་ཞིག་ངོ་ཤེས་ཡོད། མོ་རང་ནི་ལྷ་སར་ཟླ་བ་མང་པོ་བསྡད་པ་རེད། ངས་མོ་རང་ལ་བོད་དུ་ག་འདྲ་འདུག་ཅེས་སྐད་ཆ་འདྲི་དུས། མོས་ཚིག་ཐག་ཆོད་པོས་ལན་འདེབས་བྱས་དོན། ( ང་བོད་ལ་གཏན་ནས་མི་དགའ ) ཟེར་ནས་བོད་དམའ་འབེབས་ཀྱི་སྐད་ཆ་ལུང་པ་གང་བཤད་བྱུང་། ངའི་བསམ་པར། ཁྱོད་བོད་ལ་མི་དགའ་བ་དང་། གནས་འདིར་ཁྱོད་ཀྱི་ཕ་ཡུལ་ཡང་མིན་ན་ཅིའི་ཕྱིར་སྡུག་སྒོམ་བྱེད་ཀྱི་ཡོད་དམ་སྙམ།
བསམ་ཡུལ་ལས་འདས་པ་ཞིག་ལ། ཉིན་ཞིག་བུད་མེད་དེ་བོད་ཆས་གྱོན་ནས་བསླེབས་བྱུང་། ད་དུང་བཤད་དོན། ( ངསརྒྱ་ནང་གི་ཡུལ་སྐོར་ཚོགས་པ་ཞིག་སྣེ་ལེན་བྱས་པ་ཡིན། ཁོང་ཚོས་བོད་རིགས་སྣེ་ཤན་བ་དགོས་ཟེར་བས་ངས་བོད་ཆས་གྱོན་ནས་ཁོང་ཚོ་མགོ་སྐོར་བཏང་ཡོད་ཟེར ) གལ་ཏེ་ཡུལ་སྐོར་བས་ངས་བོད་སྐད་ཤེས་ཀྱི་མེད་པ་ཧ་གོ་སོང་ན། ང་ཡང་ཐབས་ཤེས་ཡོད ( ང་རང་རྒྱ་མ་བོད་ཡིན། ཆུང་དུས་ནས་རྒྱ་ནང་དུ་འཚར་ལོངས་བྱས་པས་བོད་སྐད་ཡག་པོ་མེད ) ལབ་དགོས་ཟེར།
ལྷ་སར་ཡོད་དུས། སྐབས་སྐབས་སུ་འདི་ལྟ་བུའི་བོད་མི་རྫུན་མའི་ཡུལ་སྐོར་སྣེ་ཤན་བ་ཡོད་པ་གོ་རྒྱུ་ཡོད། ཁོང་ཚོས་འཁྲབ་ཆས་ལྟ་བུའི་ཡ་མ་ཟུང་གི་བོད་ཆས་ཁྱད་མཚར་དེ་འདྲ་གྱོན་ཡོང་ལ། ཕྱི་མགྲོན་ཚོའི་མདུན་དུ་བོད་མི་ཡིན་མདོག་མདོག་བྱས་ནས ( བོད་རིག་པའི ) གནད་དོན་མང་པོ་ཞིག་ལ་ལྟར་སྣང་གི་འགྲེལ་བརྗོད་བྱེད། ཉེ་ཆར་གྲོགས་མོ་ཞིག་ཉིང་ཁྲིར་སོང་། གྲོང་ཁུལ་ཆུང་ཆུང་ཞིག་ཏུ་བོད་མི་རྫུན་མའི་སྣེ་ཤན་བ་ཞིག་འཕྲད། སྣེ་ཤན་བ་དེས་ཟེར་དོན། ( ང་ཚོའི་གྲོང་དཔོན་ཆེས་དགའ་ཤོས་ནི་ཕྱི་མི་གྲོང་གསེབ་ཏུ་ཡོང་ནས་ཆུང་མ་འཚོལ་རྒྱུ་དེ་རེད། ཅི་རེད་ཟེར་ན། ཕྱི་ལོགས་ནས་ཡོང་མཁན་ཚང་མ་ང་ཚོ་ལས་རིག་གནས་བཟང་བས་རེད། ང་ཚོ་འཛམ་གླིང་ཕྱོགས་ཁག་གི་མི་ཚང་མར་དགའ་པོ་ཡོད། མི་དགའ་ས་གཅིག་རང་ཡོད་པ་ནི་འཇར་པན་བ་ཡིན ) ཟེར་བཤད་ཡོད།
ངའི་གྲོགས་མོ་ཕྱིར་འབྱོར་རྗེས། བོད་མི་ཚོ་འཇར་པན་བར་དགའ་པོ་མེད་དམ་ཞེས་སྐད་ཆ་དྲིས་བྱུང་། ངས་ལོ་མང་རྟོག་ཞིབ་བྱས་པར་གཞིགས་ན། བོད་མིས་འཇར་པན་བར་རྒྱ་ནང་གིགཞོན་ནུ་མེ་ཚིག་དེ་དག་ནང་བཞིན་ཕྱོགས་ཡོ་བྱས་ནས་མག་མོག་ངང་དགྲར་འཛིན་གྱི་མེད་པ་ལྟ་ཅི། སྤྱི་ཡོངས་ནས་འཇར་པན་བར་དགའ་པོ་བྱེད་ཀྱི་ཡོད། གྲོགས་མོས་འདི་ལྟར་སྐད་ཆ་དྲིས་པ་གོ་མ་ཐག་སྣེ་ཤན་བ་དེ་ནི་བོད་བརྫུ་ཡིན་པ་གོར་མ་ཆག་པ་རེད་སྙམ། དེ་ཙམ་དུ་མ་ཟད། ཡུལ་སྐོར་བ་རེ་འགས་གནད་དོན་དེ་དག་རྟོགས་ཀྱི་མེད་སྟབས་བོད་བརྫུའི་སྣེ་ཤན་པས་ཡར་འཐེན་མར་འཐེན་བྱས་ནས་རྒྱུ་ནོར་ཡང་མགོ་སྐོར་གཏོང་གི་ཡོད། ཡུལ་སྐོར་བ་དེ་དག་ཕྱིར་ཕ་ཡུལ་དུ་ལོག་རྗེས (ད་ནི་བོད་མི་ཚོ་ཡང་དྭངས་གཙང་ལྷད་མེད་མིན ) ཟེར་གྱི་ཡོད།
ཡུལ་སྐོར་ཚོགས་པ་ཞིག་གིས་ང་ལ་བོད་ཟས་ཁང་ཞིམ་ཤོས་ཤིག་ངོ་སྤྲོད་བཟོ་རོགས་ཟེར་ལ། ལུག་ཤ་ཧྲིལ་སྲེག་བཟའ་དགོས་བཤད། ངས་ད་ལྟ་བར་ལུག་ཤ་ཧྲིལ་སྲེག་བོད་ཟས་བརྩི་གི་ཡོད་མེད་བཤད་ཚོད་དཀའ་བ་མ་ཟད། གང་ལྟར་སྲོག་ཆགས་ཧྲིལ་པོ་ཚལ་ཅོག་ཏུ་བཤམས་རྒྱུ་འདི་བོད་མི་སྤྱི་ཁྱབ་ཀྱིས་བཟའ་སྲོལ་ཉུང་། བརྒྱ་འདུ་རུ་འདི་སྐོར་འཚོལ་ཙམ་བྱས་དུས་ལུག་ཤ་ཧྲིལ་སྲེག་གི་བོད་ཟས་ཁང་དེ་དག་ཕལ་ཆེར་རྒྱ་མི་དང་འབྲེལ་བ་ཡོད་པ་ཚོར།
གང་ལྟར་ཡང་ང་ནི་ལྷ་སར་ལོ་མང་བསྡད་ཀྱང་ལུག་ཤ་ཧྲིལ་སྲེག་ཐེངས་གཅིག་རང་བཟས་པ་ཡིན། སྐབས་དེར་ཧུང་ཁུང་གི་ཡུལ་སྐོར་བ་མང་པོ་ཞིག་གིས་ལྷ་སའི་བྱང་ཕྱོགས་ལུས་རྩལ་ཐང་དུ་ལུག་ཤ་ཧྲིལ་སྲེག་ཅིག་མངགས་འདུག་པས་ང་ཡང་མཉམ་དུ་བཟའ་བར་ཁྲིད་བྱུང་། ཟ་ཁང་དུ་སླེབས་ཚེ་བོད་ལུགས་གྱོན་ཆས་འཁྱུད་པ་རེད་མ་རེད་ཟེར་རྒྱུ་མེད་པའི་སྦྱིན་བདག་མ་ཞིག་ཡོང་ནས་ཚལ་བཀྱགས་བྱུང་། ངས་མོའི་བཟོ་ལྟ་མཐོང་བ་ཙམ་གྱིས་བོད་མི་མིན་པ་ཤེས་ཡོད། ཡིན་ནའང་མོ་ཚོང་རྒྱག་གི་ཡོད་དུས་ངས་གདོང་ལྤགས་བཤུ་རྩིེས་མེད། དེ་ལྟར་དུས་ཚོད་ཅུང་ཙམ་སོང་རྗེས། ངས་ཅིས་ཀྱང་མཐོང་འདོད་མེད་ལ་སྐྱག་དྲི་བྲོ་བའི་ལས་ངན་ཞིག་བརྩམས་བྱུང་། དེ་ནི་མོས ( བོད་མིའི་མིང་ཐོག་ནས ) ཧུང་ཁུང་ཡུལ་སྐོར་བའི་མདུན་དུ་བོད་མིར་དམའ་འབེབས་བྱས་པ་དེ་རེད། མི་རིགས་འགལ་ཟླ་སློང་རྐྱེན་ཞིག་ཏུ་ཆགས་སྲིད་དུས་ངས་འདིར་མོས་སྐད་ཆ་ཅི་བཤད་ལབ་གི་མིན། ང་ནི་དུས་དེར་ཧ་ཅང་སུན་སྣང་སྐྱེས་པས་བོད་སྐད་ལམ་ནས ( ཁྱོད་རང་ངོ་མ་བོད་རིགས་ཡིན་ནམ། ཕར་བལྟས་ན་རྒྱ་མི་འདྲ་བོ་འདུག ) ཅེས་བཤད།
མོ་རང་ཡུད་ཙམ་ཧད་རྗེས་མགོ་མཇུག་ཅི་གང་མེད་པའི་སྒོ་ནས ( བཀྲ~ཤིས~བདེ~ལེགས ) ཟེར་ལན་བཏབ་བྱུང་། ( བོད་སྐད་དུ་བཀྲ་ཤིས་ཁ་གཡང་གི་དོན། ) མོའི་སྐད་ཆ་འདིའང་བོད་སྐད་ཀྱི trashi delek མིན། ( མཆན། སྐབས་འགར་ཡི་གེར་འབྲི་དུས tashi delek འབྲི་བ་རེད། དོན་དངོས་ཐོག་ཡི་གེ་དང་པོ་དེའི་སྒྲ་གདངས /ta/ མ་རེད། ) དེ་ནི་རྒྱ་སྐད་ནང zha xi de le ཞེས་སྒྲ་སྦྱོར་བྱས་པའི་སྐད་གདངས་ཁོ་ན་རེད། དེ་རྗེས་མོས་བསམ་དུས་ང་ནི་བོད་མི་ཞིག་རེད་སྙམ། ངའི་མདུན་དུ་བོད་མིར་གནོད་པའི་སྐད་ཆ་མང་པོ་བཤད་ཡོད་དུས་སྐྲག་ནས་ཡིབས་སོང་ལ། དེ་རྗེས་ང་ཚོ་སྣེ་ལེན་བྱེད་མཁན་ཚང་མ་རྒྱ་རིགས་ཞབས་ཞུ་བ་རྐྱང་རེད།
ངའི་གྲོགས་མོས (བོད་ཕག་ཤ་སྲེག ) བཟའ་མྱོང་ངམ་ཟེར། དེ་ཉིན་ལུག་ཤ་ཧྲིལ་སྲེག་བཟའ་སྐབས་ཕག་ཤ་སྲེག་མ་སྡེར་རུ་གང་བཞག་འདུག རེད་དེ་བོད་ཕག་ཤ་སྲེག་དང་རྒྱ་ནང་ནས་བརྫངས་ཡོང་བའི་ཕག་ཤ་གཉིས་ལ་ཁྱད་པར་ཅི་ཡོད་མི་ཤེས། ཐ་ན་ཉིན་དེར་བཟས་པའི་ཕག་ཤ་སྲེག་མ་དེའང་བོད་ཕག་ཤ་སྲེག་དག་མ་ཞིག་ཡིན་མིན་བཤད་ཚོད་མི་ཐིག ཟ་ཁང་སྦྱིན་བདག་མའང་བོད་བརྫུ་བ་ཞིག་ཡིན་དུས། ངས་ག་འདྲ་བྱས་ནས་མོས་བསྲེགས་པའི་བོད་ཕག་ཤ་སྲེག་ཟེར་བ་དེ་ཟོག་རྫུན་ཡིན་མིན་བཤད་ཐུབ་བམ།
མཆན།
1.内地རྒྱ་ནང་། ( ཐ་སྙད་འདི་རྒྱ་ནག་གཞུང་འབྲེལ་ནས་ཨ་ན་ཨུ་ཚུགས་ངང (ནང་ས ) ཞེས་བོད་འགྱུར་བྱས་ཡོད་མོད། འདིར་བསམ་བཞིན་དུ་རྒྱ་ནང་ཞེས་བསྒྱུར་ཡོད )
2.愤青གཞོན་ནུ་མེ་ཚིག (རྒྱ་ནག་དྲ་འབངས་ནས་བཏགས་པའི་ཐ་སྙད་ཅིག ནང་དོན་ནི་རབ་རིབ་མག་མོག་ངང་ཚད་བརྒལ་རྒྱལ་ཞེན་བསམ་སྤྱོད་ཅན་ལ་བོས་པ་རེད། བོད་ཀྱི་ཚིག་མཛོད་གང་ནའང་མེད་སྟབས་རང་བཟོ་བྱ་དགོས་ཐུག)
3.烤全羊ལུག་ཤ་ཧྲིལ་སྲེག ( ལུག་ཤ་ཤ་ཁོག་ཧྲིལ་པོ་མེར་བསྲེགས་པ་དེ་ལ་ཟེར། རང་བཟོ )
4.百度བརྒྱ་འདུ (མིང་ཚིག་འདི་ནི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་ནས་རྩོམ་སྒྲིག་གནང་བའི་མིང་མཛོད་གསར་པ་ན་ཡོད་པས་རང་བཟོ་མིན། )
5.藏香猪བོད་ཕག་ཤ་སྲེག ( བོད་ཀྱི་ཀོང་པོ་ས་ཁུལ་དུ་ཡོད་པའི་ཕག་པ་ཆུང་ཆུང་ཞིག་གི་ཤ་སྲེག་མ་ལ་ཟེར། རང་བཟོ )
ངེད་དྲ་ཚིགས།