ལྷག་བསམ་རྣམ་དག

      རེས་གཟའ་ཉི་མའི་ཉིན་མོ་མི་ཞིག་ལྷ་ཁང་དུ་ཕྱིན། ལྷ་ཁང་དེའི་གནས་འཛིན་གྱིས་དེར་ཡོད་མང་ཚོགས་རྣམས་ལ་གཞན་ལ་གནོད་པ་བྱེད་རྒྱུ་མེད་པ་དང་། ཕན་ཐོགས་གང་ཡོང་ཡོང་བྱེད་དགོས་ཞེས་བཤད་པར། མི་དེའི་བསམ་པར་ཕན་སེམས་བྱེད་དགོས་ཡོད་ས་རེད་སྙམ་པའི་བསམ་བློ་འཁོར་བ་རེད། དེ་ནས་དུས་ཚོད་སྐར་མ་ཁ་ཤས་ལས་མ་སོང་བའི་སྐབས་ཤིག་ལ་ཁོའི་མདུན་དུ་ཡོད་པའི་ཨ་མ་རྒྱགས་པ་ཞིག་ཡར་ལང་གི་ཡོད་པའི་སཱརི་(sari)ཁོང་མོའི་རྐུབ་ནང་ལ་འཚུད་ཡོད་པ་ཁོས་མཐོང་། ཁོས་སེམས་པ་བཟང་པོ་བྱེད་དགོས་བསམས་ནས་སཱ་རི་དེར་ལག་པ་འཆང་ནས་མར་བཏོན་པ་རེད། ཨ་མ་དེ་ཁོང་ཁྲོ་ཟ་ཐག་ཆོད་ནས་ཁོ་ལ་འགྲམ་ལྕག་ཅིག་བཞུས་པས་ཁོ་ཁོང་ཁྲོ་ཆེན་པོ་ལངས་ཏེ། ཁོ་རང་གི་གྲོགས་པོར།དེ་རིང་ངས་སེམས་བཟང་བྱས་ནས་དེ་ལྟར་བྱས་ཀྱང་ང་ཉེས་ཏག་བཟེད་དགོས་བྱུང་།ཞེས་བཤད་པར་གྲོགས་པོ་དེས།དེང་སང་སེམས་པ་བཟང་མདོག་བྱེད་རྒྱུ་ཡོད་མ་རེད།གནས་སྟངས་ག་རེ་ཡིན་ནའང་རང་འཇགས་བཞག་དགོས་རེད།  ཅེས་བཤད་པར། ཁོས་བདེན་པར་བསམས་ནས་སང་ཉིན་ལྷ་ཁང་དུ་འགྲོ་སྐབས་མདུན་དུ་ཁ་སང་གི་ཨ་མ་རྒྱགས་པ་དེ་ཡོད་པས་ཁོས་ཁ་སང་སཱ་རི་རྐུབ་ནང་འཛུལ་འདུག་པ་དེ་རིང་ཁ་སང་ནང་བཞིན་རང་འཇགས་བཞག་ན་ཡག་ཤོས་རེད་བསམ་ནས་སཱ་རི་ཡི་ཟུར་ནས་འཇུས་ཏེ་ཨ་མ་རྒྱགས་པའི་རྐུབ་ནང་ཡར་བླུགས་པར་ཨ་མ་རྒྱགས་པ་སྐད་་ཤོར་བས་མི་ཚང་མས་ཁོ་ལ་བལྟས་པས་ཁོ་ཧ་ཅང་ངོ་ཚ་པོ་ཆགས་པ་རེད།


བཙའ་རྒྱག་གི་རེད།

        ཉིན་ཞིག་རྫས་སྦྱོར་རིག་པའི་རྒན་ལགས་རྒས་འཁོགས་ཤིག་གིས་འཛིན་གྲྭའི་ནང་གི་སློབ་ཕྲུག་ཚོར།གལ་སྲིད་ང་ཚོས་ཁང་པའི་ཕྱི་ལོགས་ལ་ལྕགས་ཧྲེང་ཞིག་བཞག་ན་ག་རེ་ཆགས་ཀྱི་རེད་དམ།ཞེས་བཀའ་འདྲི་གནང་བར། སློབ་ཕྲུག་ཅིག་གིས།རྒན་ལགས། ལྕགས་ལ་བཙའ་ཐེབས་ཀྱི་རེད།ཅེས་ཞུས་པ་རེད། རྒན་ལགས་་དབུ་ལྕོག་ཙམ་གནང་སྟེ། ཡང་བསྐྱར་གསུང་དོན།གལ་སྲིད་ང་ཚོས་གསེར་རྡོག་རྡོག་ཅིག་ཕྱི་ལ་བཞག་ན་ག་རེ་ཆགས་ཀྱི་རེད་དམ།ཞེས་བཀའ་འདྲི་གནང་བར། སློབ་ཕྲུག་དེས།རྐུན་མས་འཁྱེར་འགྲོ་ཡི་རེད།ཅེས་ཞུས་པས་འཛིན་གྲྭ་ཡོངས་རྫོགས་གད་མོས་ཁེངས་པ་རེད།

ཡོང་ཁུངས་གཞན།  ཡི་གེ་བ་གྲུ་ལྷོ་སྐལ་བཟང་ཕུན་ཚོགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading