ཅང་ཙེ་མིན་གྱི་དྲུང་ཡིག་ཞིབ་བཤེར་འོག་ཚུད།

      རྒྱ་ནག་གི་དེ་སྔའི་སྲིད་འཛིན་ཅང་ཙེ་མིན་གྱི་དྲུང་ཡིག་ཅཱ་ཐེན་ཨན་ཞིབ་བཤེར་བཀག་ཉར་འོག་ཚུད་ཡོད་ཀྱང་གནས་ཚུལ་དེ་རྒྱ་ནག་གཞུང་ཕྱོགས་ནས་གསལ་བསྒྲགས་བྱས་མི་འདུག་ཟེར།

ཟླ་འདི་ཚེས་ ༢༤ ཉིན་ཧོང་ཀོང་ཞིན་པའོ་ (Xin Bao)དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་འགན་འཛིན་གཞོན་པ་དང་དམག་སྤྱི་ཆེན་མོ། སྲིད་འཛིན་ཟུར་བ་ཅང་ཙེ་མིན་གྱི་དེ་སྔའི་དྲུང་ཡིག་ཅཱ་ཐེན་ཨན་ (Jia Tingan)ཟླ་འདི་ཚེས་ ༢༣ ཉིན་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་བཀག་ཉར་བྱས་ཡོད་ཀྱང་། དེའི་སྐོར་གྱི་གནས་ཚུལ་རྒྱ་གཞུང་འབྲེལ་གསར་ལམ་ཁག་ཏུ་བཀོད་མི་འདུག་ཟེར།

གནས་ཚུལ་དེ་ཐོན་པ་དང་བསྟུན་ཏེ། ཕྱི་སྡོད་རྒྱ་ནག་པ་དང་ཆབ་སྲིད་དཔྱད་ཞིབ་པ་ཚོས་ཅཱ་ཐེན་ཨན་གྱི་སྐོར་རྒྱ་ནག་གི་དྲལ་ལམ་ཁག་ཏུ་འཚོལ་ཞིབ་བྱེད་སྐབས་ཁོ་དང་འབྲེལ་བ་ཡོད་པའི་གནས་ཚུལ་མང་པོ་ཞིག་ནག་གསུབ་བཏང་ཚར་ཡོད་པ་ཤེས་རྟོགས་བྱུང་འདུག

ཟླ་འདི་ཚེས་ ༢༧ ཉིན་ཞིན་ཐང་རིན་ཞེས་པའི་དྲ་ཚིགས་སྟེང་གནས་ཚུལ་བཀོད་པར། ཐེངས་འདི་ནི་དྲ་ཐོག་ཏུ་ཟླ་གཅིག་ནང་ཅཱ་ཐེན་ཨན་ལ་དགག་ཕྱོགས་ཀྱི་གནས་ཚུལ་ཐོན་པ་ཐེངས་གཉིས་པ་དེ་ཡིན་པ་དང་། ཐེངས་དང་པོ་ཟླ་འདིའི་ཚེས་མགོར་ཡན་ཧོང་ཁྲོན་ཆའོ་ (炎黄春秋)ཞེས་པའི་དུས་དེབ་སྟེང་། རྒྱ་ནག་གི་མཚོ་དམག་དམག་དཔོན་གཞོན་པ་ཝང་ཧྲོ་ཡཱད་(Wang Shouye)ཀྱི་ལྐོག་ཟ་རུལ་སུངས་གྱོད་དོན་ཕྱི་གྱར་བྱུང་སྐབས། ཅཱ་ཐེན་ཨན་གྱི་སྲུང་སྐྱོབ་ཉི་གདུགས་འོག་ཝང་ཧྲོ་ཡཱད་ལ་བར་ཆད་མེད་པར་གོ་གནས་འཕར་ཡོད་པའི་གླེང་སློང་བྱུང་བ་ནི་ཅཱ་ཐེན་ཨན་ལ་དགག་ཕྱོགས་ཀྱི་གནས་ཚུལ་ཐོན་པ་དང་པོ་ཡིན་ཟེར།

ད་ཆར་ལོ་ན་ ༦༥ སོན་པའི་ཅཱ་ཐེན་ཨན་ཅང་ཙེ་མིན་དང་འགྲོགས་ནས་ལོ་ ༢༠ ལྷག་ལ་ཕྱིན་ཡོད་པ་དང་། ༢༠༠༤ ལོ་ཅང་ཙེ་མིན་དམག་དོན་གོ་གནས་ནས་ཕྱིར་འཐེན་བྱས་པ་དང་མཉམ་དུ། མི་ཚེའི་ལོ་རྒྱུས་ནང་ཉིན་གཅིག་ལའང་དམག་མི་བྱས་མྱོང་མེད་པའི་ཅཱ་ཐེན་ཨན་དྲུང་ཡིག་གི་གོ་གནས་ནས་དམག་སྤྱི་ལ་བསྐོས་ཡོད་འདུག ༢༠༠༨ ལོར་དབུས་ཆབ་སྲིད་ལྷན་ཁང་གི་མགོ་གཙོ་གཞོན་པའི་ལས་གནས་ལ་བསྐོས་ཡོད་པ་དང་། ༢༠༡༡ ལོར་དམག་སྤྱི་ཆེན་མོའི་གོ་གནས་སུ་བཞུགས་ཡོད་འདུག

ཟླ་འདིའི་ཚེས་ ༢༥ ཉིན་ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་སྟེང་གསར་འགོད་པ་ཀའོ་ཕིན་ཁྲིན་གྱིས། ཅཱ་ཐེན་ཨན་ནི་ཧི་ནན་ཚོགས་ཁག་(ཧི་ནན་ཚོགས་ཁག་ནི་ཕ་ཡུལ་ཧི་ནན་ནས་ཡིན་པའི་དམག་དཔོན་ཁ་ཤས་ཀྱིས་གྲུབ་ཡོད་པ་ཞིག་ཡིན་འདུག)གི་མགོ་གཙོའི་གྲས་ཡིན་པ་མ་ཟད། ཁོ་དེ་སྔོན་ནག་ཚོང་ཉེས་ཅན་ལའེ་ཁྲང་ཆིན་ (Lai Changxing)དང་འབྲེལ་པ་ཡོད་པ་དང་། ཅཱ་ཐེན་ཨན་གྱིས་གསང་བའི་གནས་ཚུལ་ལའེ་ཁྲང་ཆིན་ལ་སྤྲད་དེ་ལའེ་ཁྲང་ཆིན་བདེ་ལེགས་ངང་ཕྱི་རྒྱལ་དུ་བྲོས་བྱོལ་བྱས་ཐུབ་ཡོད་སྐོར་བརྗོད་འདུག

རྒྱ་ནག་ཕྱིའི་དཔྱད་ཞིབ་པ་ཚོས། ཐེངས་འདིར་ཅཱ་ཐེན་ཨན་འཛིན་བཟུང་བྱས་པའི་གནས་ཚུལ་འདིའི་སྒྲུང་རིང་པོ་རྗེས་སུ་ཡོང་ངེས་རེད། གང་ཡིན་ཞེ་ན། ཅཱ་ཐེན་ཨན་ནི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་གྱི་གློ་སྙིང་ཆགས་ཡོད་ཅེས་སོགས་བརྗོད་འདུག

ཅཱ་ཐེན་ཨན་ནི་ ༡༩༥༢ ལོའི་ཟླ་ ༩ ཚེས་ ༣ ལ་ཧི་ནན་ཞིང་ཆེན་ཡཱད་རྫོང་ནས་སྐྱེས་ཤིང་། ༡༩༧༣ ལོར་ཁྲིན་ཏུའི་གློག་འཕྲིན་བཟོ་བཀོད་སློབ་ཆེན་ནས་མཐར་ཕྱིན་རྗེས། ༡༩༨༢ ལོ་ནས་བཟུང་ཅང་ཙེ་མིན་གྱི་དྲུང་ཡིག་བྱས་ཡོད་པ་དང་། གློག་རྡུལ་བཟོ་ལས་དང་པོའི་འགན་འཛིན་དང་དྲུང་ཡིག ཧྲང་ཧེ་གྲོང་ཁྱེར་གྱི་འགན་འཛིན། ༡༩༨༩ ལོར་རྒྱ་ནག་དམག་མིའི་འགན་འཛིན་བཅས་ཀྱི་ལས་འགན་འཁྱེར་ཡོད་འདུག

ཡོང་ཁུངས་བོད་ཀྱི་དུས་བབ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s