འོད་དཀར།
ཉི་མ་ནུབ་ཁར་ཡལ་ཏེ།
ཟླ་བ་སྨག་རུམ་གྱིས་བསྒྲིབས་པའི་དེ་རིང་།
སྐྱ་ཐང་ཐང་གི་ས་གཞི་ལ་མིག་གིས་བལྟས་ནས།
འདིས་ཟིན་གྱི་མྱི་བོ་ཆེ་ཞིག་དྲན་སོང་།
ཁ་བའི་ལས་དབང་གི་མདུན་ན།
གངས་རི་ལྟར་བརྗིད་པའི་ཁྱེད་ཀྱི་ལོ་རྒྱུས།
ཀ་ཁའི་ཚེ་སྲོག་གི་ཁྲོད་ན།
འོད་དུ་འཚེར་བའི་ཁྱེད་ཀྱི་གཟི་བརྗིད།
“ལས་ལ་བརྩོན་ཅིང་དཔའ་ངར་ལྡན་པའི་མི་རིགས་” འདིས་ཆེད་དུ
སུ་ལ་ཡང་མགོ་བོ་སྒུར་མ་མྱོང་པའི་བདག་གི ༧སྐྱབས་མགོན།
ཁྱེད་ཉིད་གང་དུ་བཞུགས་ཡོད།
གླུ་གཞས་དང་སྙན་ངག་གི་ཁྲོད་ནས།
དྲན་གདུང་གི་དབྱངས་རྟ་རེ་རེས།
མཛེས་སྡུག་གི་རི་ཀླུང་བཀང་དུས།
ཁྱེད་ཀྱིས་གསན་བྱུང་ངམ།
འཁོར་ལོ་དང་དར་ལྕོག་གི་ཙག་སྒྲ་རེ་རེ།
བརྐྱང་ཕྱག་དང་སྐོར་ལམ་གྱི་རྡོག་སྒྲ་རེ་རེ།
མ་ཎི་སྨོན་ལམ་གྱི་འུར་སྒྲ་རེ་རེས།
ཁྱེད་ལ་རེ་སྒུག་བྱེད་བཞིན་པ།
མཁྱེན་བྱུང་ངམ་བདག་གི ༧སྐྱབས་མགོན།
སྡུག་གི་མུན་པའི་བར་ན་གནས་པའི་ལོ་རྒྱུས་ཀྱི་འགྱུར་ལྡོག
སེམས་ཁོང་གི་བརྗོད་མི་ཚར་བའི་གཏམ་རྒྱུད་དེ་དག
ཁྱེད་ལ་ཞུ་འདོད། ཁྱེད་ཉིད་གང་དུ་བཞུགས་ཡོད།
དུས་བཞིའི་འགྱུར་ལྡོག གནམ་སའི་འཕོ་འགྱུར།
དུས་རབས་ཀྱི་རྦ་རླབས་སོགས་ཅི་ཙམ་རྒོད་ཀྱང་།
ཁྱེད་ཉིད་མི་རིགས་འདིའི་སེམས་ཁོང་ནས།
ནམ་ཡང་། ནམ་ཡང་། ཡལ་མ་མྱོང་།
བདག་གི་༧སྐྱབས་མགོན།
པཎ་ཆེན་ལགས། རིན་པོ་ཆེ།
༢༠༡༥། ༠༡ །༢༨ ཉིན་བྲིས།
ངེད་དྲ་ཚིགས།