ཞོགས་ལྗང་།

     འདི་ནས་ཕར་ལ་བརྩིས་པའི་ལོ་ངོ་ཉེར་དྲུག་པ་ན། ང་ལ་ཀུན་གཟིགས་པན་ཆེན་ཟེར་བའི་རླབས་ཆེན་གྱི་བླ་མ་ཞིག་ཡོད། ཁོང་གི་མཚན་ཡོངས་ལ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་ཞེས་འབོད། ངེད་ཅག་བོད་མི་སྤྱི་བོ་གནམ་བསྟན་ཀུན་གྱིས་ཁོང་ཉིད་དགུང་གི་ཟླ་བར་བལྟ་བ་ནི་དོན་ལ་གནས། བླ་མ་ཆེན་པོ་འདིའི་རྣམ་པར་ཐར་བའི་མཛད་པ་ནི་སྐྱེ་བོ་ཉམ་ཆུང་ང་ལྟ་བུ་ཞིག་གི་བརྗོད་པའི་ཡུལ་ལས་ཡོངས་སུ་འདས་པ་ཡིན་རུང་། དུས་ད་ལྟ། རླབས་ཆེ་བའི་རང་གི་བླ་མ་གང་དེའི་ཕྱག་རྗེས་ཀྱི་ཟུར་ཙམ་དྲན་པས་ཀྱང་ང་རྒྱལ་དང་ ཡིད་རངས་མི་བྱེད་པ་སུ་ཞིག་མཆིས་སམ།
དེ་ཡང་འདི་སྐད་ཐོས་ཏེ། བླ་མ་གང་ཉིད་དགུང་ལོ་ཉེར་གཅིག་བཞེས་པའི་སྐབས་སུ། ཧམ་སེམས་ཀྱི་འདྲེ་ལག་གདུག་རྩུབ་ཀྱིས་བརྐྱངས་པའི་དམར་དམག་གི་དཔུང་བས་ལྷ་སར་བཙན་གནོན་བྱས་རྐྱེན། ང་ཅག་གི་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་གང་དེ་རང་ས་རང་ཡུལ་དང་མི་འབྲལ་ ཐབས་མེད་དུ་གྱུར་ཅིང་། བོད་མི་གཞིས་སྡོད་ཡོངས་ཀྱི་ཆོས་སྲིད་ཀྱི་འགན་དབང་ལྗིད་ཏིག་གེ་བ་ཡོངས་རྫོགས་ ཁོང་གི་ཁྲག་པར་རང་བཞིན་ངང་ལྷུང་། གོང་ས་མཆོག་ལྷ་ས་དང་བྲལ་བའི་གཏམ་ངན་དེ་ཁོང་གི་སྙན་ལམ་དུ་ལྷུང་ཙ་ན། ཡིད་གདུང་བ་ཆེན་པོས་སྟོན་པ་ཐུགས་རྗེ་ཅན་ལ་གསོལ་བ་ཤུགས་ཀྱིས་བཏབ་རུང་། དུས་དེ་ནས་བཟུང་། ཁོང་ཉིད་སྐུ་རྐྱང་དུ་ལུས་ཤིང་བོད་མི་གཞིས་སྡོད་ཀུན་གྱི་བདེ་སྡུག་ལ་ཤ་ཐང་རུས་ཐང་གིས་འབད། སྲོག་ལ་བབས་ཀྱང་ཕྱིར་མི་ལྡོག་པའི་ལམ་དུ་དཔའ་སྤོབས་ཆེན་པོས་བསྐྱོད། འདི་དག་དྲན་སྐབས། སྲོག་དང་བཅུད་ཀྱིས་དབེན་པའི་བདག་གི་ཡི་གེ་འདི་དག་ནི་བླ་མ་གང་དེའི་རྗེས་དྲན་གྱི་ཟུར་སྣོན་ཙམ་ལྟ་ཞོག ཞབས་འདྲེན་འབའ་ཞིག་ཏུ་མི་འགྱུར་བའི་གདེང་ཚོད་མེད་མོད། ཐ་སྙད་འཁྱག་པ་འདི་དག་རང་གི་བྲང་དུ་ཉར་ནས་སྡོད་པའི་སྐལ་བ་དང་བྲལ་བས་ན། ཁྱེད་ཅག་ཀློག་མཁན་དག་ལ་མི་འབུལ་རང་འབུལ་དུ་གྱུར།
ཇི་སྐད་དུ། རང་རེ་ཅག་ལ་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་བྱོན་མྱོང་སྐད། གལ་ཏེ་བདེན་ན། ཀུན་གཟིགས་པན་ཆེན་རིན་པོ་ཆེ་ལགས་ནི་རྒྱུ་སྐར་དབུས་ཀྱི་ཟླ་བ་ལགས་ཏེ། ཁོང་གི་བློ་སྤོབས་དང་དཔའ་སྙིང་། ཕྱག་རྗེས་དང་མཛད་འཕྲིན་ལ་བོད་མི་སེར་སྐྱ་སུ་ཞིག་དད་པའི་མཆི་མ་མི་འདོན་ནམ། ཁོང་གི་མཛད་པ་འཕྲིན་ལས་ཀྱིས་བོད་མི་ས་ཡ་དྲུག་ལ་སྙིང་ཕུར་ཤུགས་ཀྱིས་བརྡབས་ མྱོང་བ་ལོ་རྒྱུས་རེད་མོད། ད་ལྟ་ད་དུང་ཡང་བོད་མི་སེར་སྐྱ་ཚང་མས་སེམས་ཀྱི་གཏིང་ནས་ཁོང་གི་ཡང་སྲིད་འཁྲུལ་མེད་ལ་རེ་ཞིང་སྒུག་པ་ནི་ལོ་རྒྱུས་ག་ལ་ཡིན། བཞུད་སོང་བའི་བོད་ཀྱི་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་དག་གི་ཁྲོདནས་པན་ ཆེན་རིན་པོ་ཆེ་གཅིག་པུར་འདི་ལྟའི་རྩིས་འདང་དང་དད་ཞེན་ཆེ་བ་ནི། སྐྱེས་ཆེན་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་ཁྲོད་ནས་ཁོང་ནི་དཀར་གསལ་གྱི་དུང་ཟླ་བཞིན་གསལ་བས་མ་ཡིན་ནམ། ཁོང་ཉིད་ཀྱིས་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་མཛད་ནས་ལོ་ངོ་ཉེར་དྲུག་ཚར་ན་འང་། ཁོང་གི་ཚབ་ཏུ་གཞན་གྱིས་བསྐོས་པའི་ཡང་སྤྲུལ་ཡོད་ནའང་། སུ་དང་གང་གིས་ཀྱང་ཁོང་གི་ཡང་སྲིད་ཤ་སྟག་ཏུ་མི་འདོད་པའི་རྒྱུ་མཚན་ཅི་ཞིག་ ཡིན་ནམ། དེ་ནི་བོད་མི་དད་ལྡན་ཡོངས་ཀྱི་སྙིང་ཤ་ལྷོག་ལྷོག་ལྡིང་གིན་པས་མ་ཡིན་ནམ། དེ་ནི་བླ་མ་དང་སློབ་མའི་ཡིད་སེམས་ཡོངས་སུ་འདྲེས་པས་མ་ཡིན་ནམ།
བླ་མ་ བཀའ་དྲིན་ཅན་གང་ལ་སུས་ཀྱང་བསྒྲུན་དུ་མེད་པའི་ཕྱག་རྗེས་སོ་སྐྱེས་ཕལ་བས་བགྲང་གིས་མི་ལངས་པ་ཡོད་ཀྱང་། ཁོ་བོས་ཅིས་ཀྱང་གླེང་བར་འདོད་པ་ནི《ཡིག་འབྲུ་ཁྲི་བདུན་མ》ཞེས་པ་ཡིན། 《ཡིག་འབྲུ་ཁྲི་བདུན་མ》ཞེས་པ་འདི་ནི་ཁོང་གིས་བོད་མི་གཞིས་སྡོད་ཡོངས་ཀྱི་གནས་སྟངས་སྐྱོ་ལྷང་ངེ་བ་དེ་ཡིག་ཐོག་ཏུ་ཕབ་ནས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་ རྒྱ་ནག་གི་གོང་རིམ་འགོ་བ་དག་ལ་ཕུལ་བའི་སྙན་ཞུ་ཞིག་ཡིན་ཞིང་། ཁྲི་བདུན་ཞེས་པའི་མིང་ཡིག་དེ་ཡང་རྒྱ་ཡིག་གི་གྲངས་ཀ་ལྟར་བཏགས་པ་ཞིག་ཡིན་འདུག འདི་ནི་བོད་ཀྱི་བླ་ཆེན་དབུ་ཁྲིད་ཅིག་གིས་བོད་མིའི་སྡུག་བསྔལ་མ་ལུས་ཡི་གེར་ ཕབ་པའི་ལོ་རྒྱུས་དང་པོ་དེ་ཆགས་ཡོད། དེ་ཡི་ནང་དོན་དེ་གཙོ་བོ་རྒྱ་ནག་གིས་བོད་ཀྱི་ས་ཆ་བཙན་བཟུང་བྱས་པ་ནས་ཕྱི་ལོ་ དྲུག་ཅུ་རེ་གཉིས་དབར་བྱུང་བའི་དངོས་ཡོད་གནས་ཚུལ་ཤ་སྟག་ཡིན་འདུག རྒྱ་ནག་གིས་བོད་ཀྱི་ས་ཆ་བཙན་བཟུང་བྱས་པར་བརྟེན། བོད་མི་མང་པོས་དེ་ལ་ངོ་རྒོལ་བྱས། བོད་མིའི་དཔའ་སྤོབས་ཀྱི་ངོ་རྒོལ་དེ་ལ་རྒྱ་ནག་གཞུང་གིས་ངོ་ལོག་ཟིང་འཁྲུག་ ཅེས་བཏགས་ཤིང་། ཁོ་ཚོས་ངོ་ལོག་ཟིང་འཁྲུག་པར་བསྙད་ནས་བོད་མི་མང་པོ་འཛིན་བཟུང་དང་དམར་གསོད་བཏང་བའི་གྲངས་ཀ་ནི་སུ་དང་གང་གིས་ཀྱང་ཡང་དག་གཏན་འབེབ་ཅིག་མི་ནུས་མོད། པན་ཆེན་རིན་པོ་ཆེས“མི་ལ་ལ་ཟིང་འཁྲུག་སྐབས་ཟིང་འཁྲུག་ལངས་ཡུལ་དུ་བསྡད་ཡོད་ པའམ་ཟིང་སློང་ཁུལ་དུ་འགྲོ་མྱོང་བ། ཡང་ན་ཟིང་སློང་ཁུལ་དུ་བརྒྱུད་ནས་འགྲོ་སྐབས་གནས་ཚང་གཡར་བ་ཙམ་གྱིས་ཟིང་འཁྲུག་པའི་ཞྭ་མོ་གཡོགས་ཡོད། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི། མི་ཁ་ཤས་ཤིག་ལ་རྒྱུ་རྐྱེན་གང་ཡང་མེད་པར་ལས་བྱེད་པ་དང་། ཧུར་བརྩོན་ཅན་ཚོས་གང་བྱུང་དུ་ནག་ཉེས་རྫུན་བཟོ་བྱས་ཏེ་ཟིང་འཁྲུག་བསླངས་པ་དང་ གསར་བརྗེ་ངོ་ལོག་པའི་ཉེས་མིང་བཏགས་ཡོད”ཅེས་དང་། “གྲོང་སྡེ་མང་པོའི་ནང་ཧ་ལམ་རྒན་བྱིས་དང་བུད་མེད་སོགས་འཐབ་འཛིང་བྱེད་མི་ཐུབ་པའི་རིགས་ཕུད། གཞན་གཞོན་ནུ་དང་དར་མ། དེ་བཞིན་བསམ་ཤེས་ཅན་མང་ཆེ་བ་འཛིན་བཟུང་དང་བཙོན་འཇུག་བྱས་ཡོད།” “བཙོན་ཁང་མང་ཆེ་བའི་ནང་བཙོན་འཇུག་བྱས་པའི་བཙོན་པ་རྣམས་ཀྱི་འཚོ་བ་དང་བདེ་ཐང་ སོགས་ཀྱི་ཐད། བཙོན་སྲུང་བ་དང་ལས་བྱེད་པས་བཙོན་པ་དེ་དག་ལ་ཡ་ང་སྙིང་རྗེ་མེད་པའི་འཇིགས་ སྐུལ་དང་ཉེས་རྡུང་གང་གཏོང་བཞིན་ཡོད། ……བཙོན་པ་འབོར་ཆེན་ཞིག་ལ་དུས་མིན་འཆི་རྐྱེན་བྱུང་ཡོད། ལོ་ན་ལྔ་བཅུ་དྲུག་ཅུར་སླེབས་པའི་གཟུགས་གཞི་ཞན་ཅིང་འཆི་ཁར་ཐུག་པའི་བཙོན་པ་ རྒས་འཁོགས་རྣམས་ལའང་ཆེས་ལྕི་བ་དང་སྡུག་པའི་ངལ་རྩོལ་བྱེད་དུ་འཇུག་གིན་ཡོད་པ་རེད།”ཅེས་གསུངས་ཤིང་། གནས་ཚུལ་དེ་དག་གི་མདུན་ནས་ཁོང་ཉིད་ཐབས་ཟད་འུ་ཐུག་ཏུ་གྱུར་བའི་སྐྱོ་ངལ་ཡང་ བྲིས་ཡོད་པ་རེད། དེ་བཞིན། ལོ་ངོ་དེ་དག་གི་རིང་དུ་བོད་ལ་སྔ་ན་མ་བྱུང་བའི་ཟས་ཆད་ལྟོགས་སྐོམ་གྱི་སྡུག་བསྔལ་བཟོད་དུ་མེད་བྱུང་ཡོད་པ་ནི། ཁོང་གིས“དེ་ལྟའི་བོད་ལྗོངས་ནི་མུན་ནག་དང་བཀས་བཀོད་རྒྱུད་འཛིན་དབང་སྒྱུར་གྱི་སྤྱི་ཚོགས་ཤིག་ཡིན་ནའང་འབྲུ་རིགས་དེ་ལྟར་དཀོན་པོ་མེད། ལྷག་པར་དུ་ནང་ཆོས་སྤེལ་ཡུལ་ཤིན་ཏུ་རྒྱ་ཆེ་སྟབས། མི་མཆོག་དམན་སུ་ཡིན་རུང་ཚང་མར་དབུལ་ཕོངས་ལ་སྦྱིན་གཏོང་གི་གོམས་གཤིས་བཟང་པོ་ཡོད་ཅིང་སློང་མོ་བརྒྱབ་ནའང་འཚོ་ཐབས་འཁྱོངས་ངེས་ཡིན་པ་དང་། ལྟོགས་ཤི་ཐེབས་པའི་གནས་ཚུལ་ཡོང་མི་སྲིད་ལ། ང་ཚོས་ཀྱང་མི་ལ་ལྟོགས་ཤི་ཐེབས་པའི་གནས་ཚུལ་གོ་མྱོང་མེད”ཅེས་གསུངས་འདུག འདི་ལས་ང་ཚོས་གསལ་བོར་མཐོང་བ་ནི། རྒྱ་ནག་གཞུང་གིས་བོད་ལྗོངས་ཀྱི་འཚོ་བར“བཅོས་སྒྱུར”བྱུང་ཡོད་ཅེས་པ་ཧ་གོ་ཡོང་གི་རེད། ཁོ་ཚོས་བཤད་པ་ནི་བོད་ལ་སྔ་ན་མེད་པའི་དཔལ་འབྱོར་གོང་འཕེལ་བྱུང་ཡོད་ཟེར་བ་ རེད་མོད། དོན་གྱིས་ཁོ་ཚོས་བཅོས་ཤིང་བསྒྱུར་པའི་བོད་ཀྱི་འཚོ་བ་ནི་དབུལ་ཕོངས་དང་བཀྲེས་ སྐོམ་གྱི་སྡུག་བསྔལ་འབའ་ཞིག་རེད། ལྷག་ཏུ། བོད་མིའི་ཆོས་ལུགས་དང་རིག་གནས་ལ་གཏོར་བཅོམ་ཚབས་ཆེན་ཕོག་ཅིང་། དེའི་སྐོར་ལ་ཀུན་གཟིགས་པན་ཆེན་རིན་པོ་ཆེས་འདི་ལྟར་གསུངས་ཡོད་པ་རེད། “སྐུ་གསུངས་ཐུགས་རྟེན་མེད་པར་བསྲེགས་པ་དང་ཆུར་བསྐྱུར་བ། ས་ལ་དབྱུགས་ནས་གཏོར་བཤིག་དང་བཞུ་སྦྱང་སོགས་བྱས་ཡོད། དགོན་སྡེ་དང་ལྷ་ཁང་། མ་ཎིའི་རྡོ་ཕུང་། མཆོད་རྟེན་བཅས་ལ་རང་སྣང་གང་ཤར་གྱིས་གླང་ཆེན་སྨྱོན་པས་བརྫིས་པ་ལྟར་གཏོར་བཤིག་བཏང་བ་དང་། སྐུ་རྒྱན་དང་སྐུ་འདྲ། མཆོད་རྟེན་གྱི་རྩ་ཆེའི་གཟུངས་གཞུག་རྣམས་བརྐུས……བཀའ་བསྟན་འགྱུར་གྱི་གསུང་རྟེན་སོགས་རྩ་ཆེའི་དཔེ་རིགས་ལུད་རྫས་ཀྱི་རྒྱུ་ཆར་བེད་སྤྱོད་བྱས་ཤིང་། རྐང་བཙུགས་ཏེ་སྐུ་ཐང་དང་དཔེ་ཆ་མང་པོ་ལྷམ་མཐིལ་བཟོ་བའི་རྒྱུ་ཆར་བེད་སྤྱད”ཅེས་བྲིས་འདུག སྐབས་དེའི་དམངས་གཙོ་བཅོས་སྒྱུར་ཟེར་བའི་རྗེས་སུ་བོད་ན་རང་སོར་བཞག་ཆོག་པའི་ཆོག་མཆན་ཡོད་པའི་དགོན་སྡེ་བདུན་ཅུ་ལྷག་ཙམ་ལས་མེད་སྟབས། དགོན་སྡེ་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་གོ་བདུན་ལྷག་ཙམ་ཉུང་དུ་ཕྱིན་ཡོད་པ་དང་། དེ་དག་མང་ཆེ་བར་གྲྭ་བཙུན་མེད་པའི་རྐྱེན་གྱིས་ཞིག་རལ་དུ་སོང་དང་འགྲོ་བཞིན་ ཡོད་སྐོར་གསུངས་འདུག དེ་བཞིན། བོད་ཀྱི་སྐད་ཡིག་བེད་སྤྱོད་ལ་གཏོར་བཅོམ་ཚད་མེད་བཏང་བ་ནི་བཤད་མ་དགོས་པ་ཞིག་རེད། སྐབས་དེའི་གནས་ཚུལ་འདི་ནི་རྒྱ་ནག་གཞུང་གི་སྐད་ཆ་ལྟར་བཤད་ན། ཧ་ལས་པའི“རྡུང་གཅོག་འཕྲོག་བསྲེགས”ཚབས་ཆེན་ཞིག་རེད་མོད། པན་ཆེན་དང་པན་ཆེན་ལྟ་བུའི་སྐྱེས་བུ་ཆེན་པོ་རེ་གཉིས་མ་གཏོགས། བོད་མིའི་སྡུག་བསྔལ་གྱི་གནས་བབ་དམར་རྗེན་དུ་བཤད་ཐུབ་མཁན་སུ་ཞིག་ཡོད་དམ། ང་ཚོས་ཁོང་གི་སྙན་ཞུ་འདིར་བལྟས་ཙམ་གྱིས་ཀྱང་མི་ཕྱེད་པའི་དད་པ་སྙིང་དབུས་སུ་ སིམ་འགྲོ།
ལར་འགྲོ་མིའི་རྒྱུ་འབྲས་བློ་མིག་ཅེས་ནི་སོ་སྐྱེས་སུ་དང་གང་ ལ་ཡང་ཡོད་ཆོག་ཆོག་དང་ཡོད་འོས་པ་ཞིག་རེད་མོད། དེ་ལྟར་ལྡན་པ་ནི་ཤིན་ཏུ་རབ་ཏུ་དཀོན། གྲངས་ཀ་ཤིན་ཏུ་ཉུང་བའི་རང་རེ་ཅག་ལ་འདི་ལྟའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ བྱོན་མྱོང་བ་ནི་རང་རེ་བོད་མི་མགོ་ནག་ཡོངས་ཀྱི་གཟི་བརྗིད་དང་ང་རྒྱལ་རེད་ཨང་། བཟོད་དུ་དཀའ་བའི་བོད་མིའི་སྡུག་བསྔལ་གྱི་གནས་བབ་འདི་དག་མཐོང་བས་ཁོང་གིས་ སེམས་ཐག་རྦད་ཆོད་ཀྱིས་སྙན་ཞུ་འདི་ཉིད་འབྲི་མགོ་བརྩམས་ཤིང་། རང་གི་ཡོངས་འཛིན་རིན་པོ་ཆེས་པུས་མོའི་ལྷ་ང་ས་ལ་བཙུགས་ནས་དེ་ལྟར་བྱས་ཚེ་སྐུ་ བགེགས་ཡོང་ངེས་ཡིན་པས་ཅིས་ཀྱང་མི་འབུལ་བར་ཞུས་ཀྱང་། སྐྱེས་བུ་ཆེན་པོ་གང་དེའི་སྙིང་སྟོབས་ལ་ཞུམ་པ་བྲལ་ཅིང་རྒྱུ་འབྲས་བློ་མིག་ལ་འགོག་ཐབས་བྲལ། རྗེས་སུ་ལོ་བཅུའི་གོད་ཆགས་ཆེན་མོའི་སྐབས་སུ། ཏན་ཏན་ཡོངས་འཛིན་རིན་པོ་ཆེས་གསུངས་པ་ལྟར། ཕྱི་ལོ༡༩༦༦ལོར་ཁོང་ཉིད་སྙན་ཞུ་འདི་ཡི་རྐྱེན་གྱིས་བཙོན་དུ་བཅུག་ཅིང་འཐབ་རྩོད་དང་མནར་གཅོད་བཟོད་དུ་མེད་པ་བཏང་། སྐབས་དེར་མནར་གཅོད་དང་འཐབ་རྩོད་བྱས་པའི་གནས་ཚུལ་ནི་ཁོང་གིས་གསུངས་པ་ལྟར། གེ་སར་སྒྲུང་ནང་བཞིན་ཉིན་ཁ་ཤས་ལ་བཤད་རྒྱུ་ཡོད་པ་དང་། དེས་ཀྱང་མི་ཚད་པ་ཞིག་ཡིན་འདུག
ཡིན་ནའང་། ཕྱི་ལོ༡༩༧༧ལོའི་ཟླ༡༠པའི་ཚེས༡༠ཉིན་ཁོང་ཉིད་བཙོན་གྲོལ་ཐོབ་རྗེས། ཁོང་གིས་བོད་ཁམས་ཡོངས་ལ་གཟིགས་ཞིབ་མཛད་ཅིང་། ས་གནས་སོ་སོར་ཞབས་སོར་དངོས་སུ་བཀོད་ནས་དེ་གའི་སེར་སྐྱ་ཡོངས་ལ་རང་གི་རིག་ གནས་རྒྱུད་འཛིན་དར་སྤེལ་གཏོང་དགོས་སྐོར་ལ་བཀའ་སློབ་གལ་ཆེན་གནངས་པར་མ་ཟད། སྐུ་དངོས་ཀྱིས་འགྲོ་གྲོན་འབོར་ཆེན་བཏོན་ནས་སློབ་གྲྭ་བསྒྲུབས་པ་སོགས་ཉིན་མཚན་རེས་མེད་དུ་དཀའ་ལས་སྐུ་ཚེགས་ཤས་མི་བཟོད་པ་མྱངས། ཇི་སྐ་དུ། “ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་ཡིན་ཕྱིན་རང་ཉིད་ཀྱི་ཆོས་ལུགས་ དང་མི་རིགས་ལ་དད་འདུན་དང་ཤ་ཚ། ལར་ཞེན་ཆེན་པོ་ཡོད་ངེས་པ་མ་ཟད། དེ་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་རང་སྲོག་ཀྱང་བློས་གཏོང་སྲིད”ཅེས་གསུངས་པ་བཞིན། ཁོང་གིས་དངོས་སུ་རང་གི་མི་རིགས་དང་རིག་གནས་ཀྱི་ཆེད་དུ་རང་གི་སྐུ་སྲོག་ལ་མ་ འཛེམ་པར་ལོ་ངོ་དགུ་དང་ཟླ་ངོ་བརྒྱད་ཀྱི་དཀའ་སྡུག་གི་བཙོན་འོག་འཚོ་བ་བསྐྱལ་བ་ ནི་ཇི་འདྲའི་རླབས་ཆེན་ཞིག་རེད་ཨང་།
ཡང་ཁོང་གིས་མི་རིགས་རང་སྐྱོང་ལ་འབད་པ་ཧུར་ཐག་བྱས་ཡོད། ཁོང་བཙོན་གྲོལ་ཐོབ་རྗེས་མདོ་དབུས་ཁམས་གསུམ་གྱི་ས་ཆ་གང་སར་བསྐྱོད་དེ་བོད་ སྐད་བོད་ཡིག་དང་ཆོས་ལུགས་སླར་གསོ་སོགས་ལ་ཤུགས་སྣོན་བྱས་པར་མ་ཟད། མི་རིགས་ཤིག་ཡར་རྒྱས་གོང་འཕེལ་དུ་འགྲོ་དགོས་ན་ངེས་པར་དུ་སློབ་གསོར་མཐོང་ཆེན་བྱེད་དགོས་པའི་བཀའ་སློབ་གལ་ཆེན་གང་སར་གནང་། ལྷག་ཏུ། “དངོས་གནས་ས་གནས་རང་སྐྱོང་བྱེད་དགོས་པ་དང་། མིང་དོན་གཉིས་མཚུངས་ཀྱི་ས་གནས་རང་སྐྱོང་བྱེད་དགོས་ན། དེ་ལ་རང་བདག་དབང་ཆ་ཡོད་དགོས་པ་དང་། མི་རིགས་རང་གི་ཁྱད་ཆོས་རྒྱུད་འཛིན་བྱེད་དགོས”ཞེས་གསུངས། མི་རིགས་ས་གནས་རང་སྐྱོང་ཁག་ཏུ་མི་རིགས་དེ་གའི་སྐད་ཡིག་བེད་སྤྱོད་བྱ་དགོས་ ཚུལ་སོགས་བསམས་ཤིང་བསམ་ན་ལོ་རྒྱུས་ཀྱི་མཐོང་རྒྱ་ཤིན་ཏུ་རིང་ཞིང་། ཆབ་སྲིད་ཀྱི་མིག་དབང་རབ་ཏུ་རྣོ་བ་འདི་དག་ནི་ཁོ་བོས་ད་ལྟ་ད་དུང་ཡང་ཁོང་ཉིད་ ཡང་ཡང་གླེང་དགོས་པའི་རྒྱུ་མཚན་གཅིག་མིན་ནམ།
ད་ལྟ་རང་སྐྱོང་དུ་འབོད་པའི་བོད་རིགས་ས་ཁུལ་ཡོངས་སུ་བོད་སྐད་བོད་ཡིག་གི་གཞུང་ཡིག་གཙང་མ་ཞིག་ཡོད་པ་ལྟ་ཞོག བོད་ཡིག་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་བོད་ཀྱི་སྐད་ཡིག་སློབ་པ་བཅས་ལ་ཡང་ བར་བགེགས་བདུད་ཀྱི་ཆོ་འཕྲུལ་དུས་མིན་གསལ་མིན་དུ་འོང་གིན་འདུག་ན། འདི་ནི་ཡར་རྒྱས་རེད་དམ་རྗེས་ལུས་རེད། ད་ལྟའི་བླ་ཆེན་དང་མི་ཆེན་དུ་སྐད་པ་དག་ནི། རང་གི་ཁེ་ཕན་ཉི་ཚེ་བ་དང་གྲགས་པ་སྐམ་པོའི་དོན་དུ་རྒྱུ་འབྲས་ཀྱི་རྒྱ་མ་ཤར་ལ་གཡུགས། མི་གཞི་དང་སྒལ་ཚིགས་རྩ་ནས་འཁྱོག་འདུག་པས། འདི་དག་དང་བསྡུར་ན་མེས་པོ་པན་ཆེན་ལགས་ནི་རྒྱུ་སྐར་དབུས་ཀྱི་ཟླ་བ་མ་ཡིན་ནམ། ག་ལ་ཡིན་ཏེ། ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་ནི་རྩྭ་གཟུགས་ཙམ་གྱི་བླ་ཆེན་མི་ཆེན་གྱི་ མིང་འཛིན་པ་དེ་དག་དང་བསྡུར་སྲོལ་ག་ལ་ཡོད་དེ། དེ་དག་དང་བསྡུར་བ་ནི་ཁྱི་དང་སེང་གེ་བསྡུར་བ་རང་རེད།
ཁོང་གིས་གསུང་མྱོང་བ་བཞིན། ཏན་ཏན་ཁོང་གི་མི་ཚེའི་ནང་ལ་བོད་མི་རིགས་ལ་ངོ་གནོངས་དགོས་པའི་རྗེས་ཤུལ་ཕྲ་མོ་ཙམ་ཡང་བཞག་མ་མྱོང་བ་ནི་ཁོ་བོས་བླ་མ་རིན་པོ་ཆེ་ཡང་ཡང་དྲན་པའི་ཉིང་ཏིག་ མིན་ནམ།

ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

%d