ཉིན་འདི་འགར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འདས་ལོར་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་དག་ལ་ཞིབ་བཤེར་བྱས་ཏེ། ཆབ་སྲིད་དང་འགལ་བའི་ནག་ཉེས་ཚབས་ཆེན་ཡོད་པའི་ཉེས་མིང་འོག་ཏང་ཡོན་ལས་བྱེད་ ༡༥ ལ་ཉེས་ཆད་བཅད་ཡོད་སྐོར་འཁོད་འདུག
ཟླ་འདིའི་ཚེས་ ༢༧ ཉིན་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ལས་དོན་ཁང་གི་རྒྱུན་ལས་དང་དྲུང་ཆེ་ཝང་ཀང་ (Wang Gang) གིས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག “འདས་ལོར་བོད་རང་སྐྱོང་ལྗོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཏང་ཡོན་ལས་བྱེད་ཁྲོད་བོད་རང་བཙན་ཚོགས་ཁག་ལ་འབྲེལ་བ་བྱས་པ་དང་། ཏཱ་ལའི་བླ་མའི་ཤོག་ཁག་སོགས་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པ། རྒྱལ་ཁབ་ཀྱི་བརྟན་ལྷིང་དང་བདེ་འཇགས་ལ་གནོད་པའི་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཚོར་རོགས་དངུལ་སྤྲད་པ་བཅས་ཀྱི་དོགས་གཞིའི་འོག་ཞིབ་བཤེར་བྱས་ཏེ། ཏང་ཡོན་ལས་བྱེད་ ༡༥ ཡི་ནག་ཉེས་ར་འཕྲོད་དེ་ཉེས་ཆད་བཅད་ཡོད་”ཅེས་བརྗོད་འདུག
གནས་ཚུལ་འདིའི་ཐད་ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་ལམ་འགན་འཛིན་སཱན་ཌར་སེ་ (Kate Saunders) ཡིས་རྒྱ་གར་དུས་བབ་ཐོག་བརྗོད་དོན། “ད་ཐེངས་རྒྱ་ནག་གཞུང་གིས་ཏང་ཡོན་ལས་བྱེད་ ༡༥ ལ་ཉེས་ཆད་ཕོག་ཡོད་པ་བསྒྲགས་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཕྱི་སྡོད་བོད་མིའི་སྒྲིག་འཛུགས་ཁག་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་དེས། ད་དུང་རྒྱ་ནག་གཞུང་གིས་བོད་རིགས་ཏང་ཡོན་ཚོས་༧གོང་ས་མཆོག་ལ་དད་ཞེན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད་སྟབས། ད་ལྟ་རྒྱ་ནག་གཞུང་གིས་བོད་མི་ཚོས་བློ་གཅིག་སེམས་གཅིག་གིས་ཏཱ་ལའི་བླ་མར་དད་ཞེན་བྱེད་པའི་ཚབ་ཏུ་རྒྱ་ནག་གཞུང་ལ་ལར་ཞེན་བཅང་རྒྱུར་རེ་བ་རྒྱག་གི་ཡོད་པ་རེད” བརྗོད་འདུག
དེ་བཞིན། ཁ་ཉིན་རྒྱ་ནག་མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༤ ལོར་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ལས་ཁུངས་གཞན་དང་མཉམ་འབྲེལ་བྱས་ཏེ། གཞུང་དངུལ་སྤྱད་དེ་བཟའ་བཏུང་ལ་རོལ་བ་དང་ལག་རྟགས་སྤྲོད་པ། ཡུལ་སྐོར་དུ་སྐྱོད་པ་སོགས་ཀྱི་ཁྲིམས་འགལ་གནད་དོན་ཁག་ལ་ཞིབ་བཤེར་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་ ༨ དང་འགལ་བའི་གྱོད་དོན་ ༢༤༠ རྩད་ཆོད་བྱུང་སྟེ་མི་ ༡༣༨ ལ་ཆད་པ་བཅད་ཡོད་འདུག
དེ་དག་ཁྲོད་ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་དེ་སྔའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཧོང་ཡུས་ཐེན་དང་། རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ལས་ཁུངས་ཀྱི་དེ་སྔའི་རྟོག་ཞིབ་གཞོན་པ་ཀྲུའུ་ཐའེ་ཀྲུང་། བོད་རང་སྐྱོང་ལྗོངས་ཚྭ་ལས་སྤྱི་ཁྱབ་ཁེ་ལས་ཀྱི་དེ་སྔའི་སྤྱི་ཁྱབ་ཅིང་ལི་ཁྲེང་རུན་ཧྲེ་ཡི་བཅས་ལ་ཆད་པ་ནན་མོ་བཅད་ཡོད། གཞན། གྲོང་གསེབ་ཀྱི་ལས་བྱེད་པ་ ༥༢ ལ་ཆད་པ་བཅད་ཡོད་པ་རེད། ཅེས་སོགས་འཁོད་འདུག
དེའི་ནང་མུ་མཐུད་སྤེལ་དོན། ལོ་གཅིག་རིང་རིམ་པ་ཁག་གི་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་སྔ་རྗེས་སུ “གཞུང་གྲོན་གསུམ” དོ་དམ་དང་བེད་སྤྱོད་བྱས་ཚུལ་ལ་ཞིབ་བཤེར་བྱས་ཏེ་སྒྲིག་འགལ་དངུལ་སྒོར་ཁྲི་ ༦༠༤༣ འདེད་ལེན་བྱས་པ་དང་། དམངས་ཕན་མ་དངུལ་ལྐོག་ཟ་དང་གཡོ་ལེན། སྒེར་སྤྱོད་སོགས་སྒྲིག་འགལ་གྱི་གནད་དོན་ཐོ་འགོད་བྱས་ཏེ་མི་ ༨ ལ་ཆད་པ་བཅད། གཞུང་འཁོར་སྒེར་སྤྱོད་ཀྱི་བྱེད་སྤྱོད་ཁག་ ༢༩༥ བཅོས་སྒྲིག་དང་གྲངས་ཚད་དང་ཚད་གཞི་ལས་བརྒལ་བའི་རླངས་འཁོར་ ༡༨ བསྡུས་པ་ཡིན་ཞེས་སོགས་བཀོད་འདུག
གསར་འགོད་པ། དོན་གྲུབ།
ཡོང་ཁུངས་བོད་ཀྱི་དུས་བབ།