འབྲོག་མྱི།
རྒྱ་ནག་དམར་ཤོག་ཚོགས་པའི་དུས་དེབ༼ ཡིན་རེ ༽འམ་རྒྱའི་སྐད་དུ༼ཆིག་ཧྲི༽དུས་དེབ་ཀྱི་དྲྭ་ཚུགས་སུ་ཚེས ༢༤ཉིན་མིང་འདོན་དཔྱད་རྩོམ་ཞིག་སྤེལ་ནས། རྒྱ་ནག་གི་མཐོ་རིམ་སློབ་ཆེན་ཁག་ཅིག་གི་དགེ་རྒན་ཚོས་སློབ་ཆེན་གྱི་འཆད་སྟེགས་བེད་སྤྱད་ནས་རྒྱ་ནག་ལ་ངན་བཤད་བྱས་ལུགས་སྐྱོན་བརྗོད་བྱས་པ་སྦྲགས། ཧྭིག་ཝེ་ཧྥང་དང་ཁྲིན་ཏན་ཆིན་གཉིས་ཀྱི་མིང་བཏོན་འདུག
སྐུ་ཞབས་ཧྭིག་ཝེ་ཧྥང་ལགས་ནི་པེ་ཅིང་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་དགེ་ རྒན་ཆེན་མོ་དང་། དུས་ཡུན་རིང་པོར་ཁྲིམས་སྲིད་དང་ཁྲིམས་སྐྱོང་ཞིབ་འཇུག དུས་མཉམ་དུ་འཕྲིན་ཕྲན་དུ་ཧ་ཅང་ཧུར་པོའི་མི་སྣ་མིང་གྲགས་ཅན་ཞིག་ཀྱང་རེད། ཁྲིན་ཏན་ཆིན་ལགས་ནི་རི་མོ་བ་སྐད་གྲགས་ཅན་ཞིག་ཡིན་ལ། དེ་སྔོན་ཆིན་ཧྭ་སློབ་ཆེན་གྱི་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་ཡིན་ཡང་། ༢༠༠༤ ལོར་སློབ་མ་བསྡུ་ལེན་ལམ་ལུགས་ལ་མ་དགའ་བར་ལས་གནས་ནས་དགོངས་པ་ཞུས་པ་རེད།
༼ ཡིན་རེ་དྲྭ་ཚུགས༽ཀྱིས་སྤེལ་བའི་དཔྱད་རྩོམ་དེའི་རྩོམ་པ་པོའི་མིང་ལ་ཞིའུ་ལན་ཟེར་ཞིང་། ཉིན་པོའོ་གྲོང་ཁྱེར་དྲིལ་བསྒྲགས་ལས་ཁང་གི་ལས་བྱེད་དང་། དཔྱད་རྩོམ་དེའི་ཁ་བྱང་ལ༼མཐོ་སློབ་ཀྱི་དྲིལ་བསྒྲགས་ལས་དོན་གྱི་དཀའ་ངལ་གང་ན་ཡོད་དམ༽ཞེས་བཀོད་འདུག
དཔྱད་རྩོམ་དེའི་ནང་། ཉེ་ལམ་རྒྱ་ནག་དབུས་དང་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་གིས་ཡིག་ཆ་བཀྲམས་ནས་མཐོ་སློབ་ཁག་འདུ་ཤེས་འཛིན་སྟངས་ལས་དོན་གྱི་གཡུལ་ས་སྔོན་མ་བྱེད་དགོས་ལ། དགྲ་འཛིན་སྟོབས་ཤུགས་ལ་མཐའ་གཅིག་ཏུ་སྔོན་འགོག་དང་། མཐོ་སློབ་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་འགོ་ཁྲིད་ཀྱི་དབང་ཆ་དང་སྨྲ་བརྗོད་དབང་ཆ་དམ་པོར་བཟུང་ནས། མཱ་ཁི་སི་རིང་ལུགས་ཀྱི་བསམ་བློའི་གོ་ས་ཇེ་བརྟན་དུ་གཏོང་དགོས་ཞེས་བཀོད་ཡོད་ཀྱང་། དམིགས་བྱ་དེ་འགྲུབ་དགོས་ན་ཉུང་མཐའ་ཡང་དཀའ་ཁག་རིགས་གསུམ་ལ་གདོང་ལེན་བྱེད་དགོས། ཐོག་མར་སྒྲིག་གཞི་རུ་ཚད་ཐིག་ཅིག་འཇོག་དགོས་ལ། སྨྲ་བརྗོད་གང་དང་གང་ཚད་ལས་བརྒལ་བ་གཏན་ཁེལ་བྱེད་དགོས། གཉིས་པ། མཐོ་སློབ་ཀྱི་བསམ་བློའི་དྲིལ་བསྒྲགས་ལས་དོན་དེ་སློབ་ཁང་ནས་མཚམས་མི་འཇོག་པར། དེའི་ནང་ཝེ་པོའོ་དང་འཕྲིན་ཕྲན་སོགས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱད་རིགས་ཀྱང་ཐེ་དགོས་ལ། ཧྭིག་ཝེ་ཧྥང་གིས་འཕྲིན་ཕྲན་དུ་ཁྲིམས་སྲིད་སྐོར་ཚད་མེད་དུ་བརྗོད་ཀྱིན་པ་དང་། ཁྲིན་ཏན་ཆིན་གྱིས་རང་ཉིད་ཀྱི་འཕྲིན་ཕྲན་བཏགས་མིང་ལ༼ཚང་མ་ཨ་རིར་མ་འགྲོ རྨོངས་དུད་རྗེས་ལུས་ཀྱི་རྒྱལ་ཁབ་ཅིག༽ཞེས་བཏགས་ནས། དོན་གྱིས་ཨ་རིར་འུད་བསྟོད་བྱེད་ཀྱིན་ཡོད། གསུམ་པ་ནི། དགེ་རྒན་དང་སློབ་མའི་སྤྱི་ཚོགས་འཕེལ་ཕྱོགས་གཙོ་བོའི་རིན་ཐང་ལྟ་བའི་ངེས་ཤེས་ ཇི་ལྟར་མཐོ་རུ་འདེགས་རྒྱུ་དང་། སློབ་མས་ལྡོག་ཕྱོགས་ཀྱི་གསར་འགྱུར་ལ་དགའ་མོས་མི་བྱེད་རྒྱུའི་ཐབས་ལམ། དེ་བཞིན་མཱ་ལའེ་རིང་ལུགས། མའོ་ཙེ་ཏུང་བསམ་བློ་དེ་རེངས་པོར་གྱུར་བའི་གཞུང་ལུགས་ཤིག་མ་ཡིན་པ་རུ་ཇི་ལྟར་གཏོང་རྒྱུ་ལ་སོགས་པར་བསམ་བློ་གཏོང་དགོས་ཞེས་བཀོད་འདུག
དཔྱད་རྩོམ་གྱིས་མཇུག་ཏུ་བསྡོམས་ཚིག་གི་ཚུལ་དུ། དབུས་ཀྱི་འབྲེལ་ཡོད་ཡིག་ཆ་དག་འཛིན་སྐྱོང་བཀའ་རྒྱ་ཙམ་མིན་པར། དགེ་རྒན་གྱི་ནང་སེམས་ཀྱི་རིན་ཐང་གི་ཚད་ཐིག་ཅིག་ཏུ་གྱུར་དགོས་ལ། དེ་མི་རེ་རེའི་སྙིང་དབུས་སུ་བྲིས་པའི་སྣང་བརྙན་གསོན་པོ་ཞིག་དང་། མི་རེ་རེས་བློ་མོས་ཞེ་མོས་ངང་ངོས་ལེན་བྱེད་ཐུབ་པའི་ནུས་ཤུགས་ངོ་མའི་བག་ཆགས་སུ་གྱུར་ཚེ། རྒྱ་ནག་ངན་བཤད་གྱི་ཟང་ཟིང་གི་རྣམ་པ་རྩ་མེད་དུ་འགྲོ་ངེས་ཡིན། ཞེས་བརྗོད་འདུག
མིང་འདོན་སྐྱོན་བརྗོད་རེག་པའི་ཧྭིག་ཝེ་ཧྥང་གིས་སྒེར་གྱི་ཝེ་པོའོ་ཡི་སྟེང་ལན་སློག་ཡོད་པ་དང་། དེ་ཡང་ཧྭིག་ཝེ་ཧྥང་གིས། ངས་ཁྲིམས་སྲིད་ཚད་མེད་དུ་གླེང་ལུགས་སྐྱོན་བརྗོད་བྱས་འདུག དོན་གྱིས་ངས་བཤད་ཁལ་བྱས་པ་དེ་འདང་ངེས་ཤིག་རྩ་བ་ནས་མིན། དམར་ཤོག་ཚོགས་པའི་ལོ་རྒྱུས་ལ་རྒྱུས་མངའ་ཡོད་མཁན་ཚོར་གསལ་བོ་ཡིན། བདག་ཅག་གི་དམར་ཤོག་ཚོགས་པའི་དབུ་ཁྲིད་ཐོག་མ་རྣམས་ནི་དོན་གྱིས་ཁྲིམས་སྲིད་ ཚད་མེད་དུ་གླེང་མཁན་ཚོ་ཡིན། ལོ་རབས ༤༠འི་ནང། མའོ་ཙེ་ཏུང་དང་། ཀྲུག་ཨིན་ལེ། ལིའུ་ཧྲོ་ཆི་བཅས་ཀྱིས་ཁྲིམས་སྲིད་ལ་མོས་པ་ཆེན་པོས་དེ་ནམ་ཡང་མི་བརྗེད་པའི་རྣམ་འགྱུར་བཟུང་ཡོད། འོ་ན་ཁོང་རྣམ་ནོར་བ་རེད་དམ། བཤད་ཚད་ཚང་མ་རྒྱ་ནག་ལ་ངན་བཤད་ཡིན་ནམ། དཔེ་ཆ་བ་འགས། ཝེ་པོའི་འགས་རྒྱ་ནག་དེ་སྐྱོན་ཅན་སྡུག་ཅན་དུ་གཏོང་ནུས་སམ། རྒྱ་ནག་ནག་པོ་རུ་གཏོང་མཁན་དེ་དོན་གྱིས་སྨྲ་བརྗོད་ལ་རྡུང་རྡེག་གི་བྱ་སྤྱོད་ དེའི་རིགས་རེད། ཅེས་བརྗོད་འདུག
རྒྱ་ནག་གཞུང་འབྲེལ༼ ཡིན་རེ་དྲྭ་ཚུགས༽ཀྱི་དཔྱད་རྩོམ་དེར་དྲྭ་གྲོགས་མང་པོ་ཞིག་གིས་ཝེ་པོའོ་རུ་སོ་སོའི་བསམ་འཆར་བཏོན་ཡོད་པ་དང་། མང་ཆེ་བས་ངོ་རྒོལ་གྱི་རྣམ་འགྱུར་བཏོན་ཡོད་ཅིང་། དཔེར་ན། དེའི་ནང་གི་དྲྭ་གྲོགས་ཤིག་གིས། རྒྱ་ནག་ཡག་རབས་བཤད་མཁན་དང་ནུབ་ཕྱོགས་ངན་རབས་བཤད་མཁན་དགེ་རྒན་དག་ནི་དགེ་རྒན་བཟང་པོ་དང་དེ་ལས་ལྡོག་ན་ངན་པ་རེད་དམ། དངོས་གནས་ཡིད་སྐྱོ་བ་ཞིག་རེད། རྒྱ་ནག་ལ་རང་རྟོན་སྤུ་རྩེ་ཙམ་ཡང་མེད་པ་དེ་ཅི་རེད། མི་དམངས་ཀྱིས་སྐད་ཆ་འགའ་ཡང་བཤད་མི་ཆོག་གམ་ཞེས་དང་། ཡང་དྲྭ་གྲོགས་གཞན་ཞིག་གིས། ཁྱེད་ཚོས་རྒྱལ་ཡོངས་ཀྱི་སྨྱན་བྱད་ལ་བཏང་འཛིན་བྱས་ནས་ལོ ༦༠ ལྷག་ཕྱིན་པ་རེད། རང་བསྟོད་ལོ ༦༠ལྷག་ལ་བྱས་པ་རེད། འགྲོ་སོང་འབོར་ཆེན་བཏང་ནས་ཕྱིའི་རྒྱལ་ཁབ་ཁག་ཏུའང་དྲིལ་བསྒྲགས་བྱས་དང་བྱེད་ ཀྱིན་ཡོད། དེ་དག་གིས་ནུས་པ་ཐོན་མེད་པས་རྒྱུ་མཚན་ཅི་ཞིག་རེད་དམ། དགེ་རྒན་འགས་སྐད་ཆ་དྲང་མོ་འགའ་བཤད་ཚེ་ཁྱེད་ཚོ་དེ་འདྲ་ཞིག་སྐྲག་དགོས་དོན་གང་ ཡིན་ནམ། ཞེས་སོགས་བྲིས་འདུག
དེ་མིན་ཡང་དྲྭ་གྲོགས་ཤིག་གིས། རིག་གཞུང་རང་དབང་གི་དར་ཆ་འཕྱར་ནས་མཐོ་སློབ་དགེ་རྒན་ཁག་ཅིག་གིས་རྒྱ་ནག་ལ་ངན་བཤད་བྱེད་མཁན་ཡོད་པ་བདེན་པ་རེད། དགེ་རྒན་མང་པོ་ཞིག་གིས་དེ་ནི་རང་ཉིད་ཀྱི་ང་རྒྱལ་ཞིག་ལ་ངོས་འཛིན་བྱས་འདུག ཅེས༼ ཡིན་རེ་དྲྭ་ཚུགས༽ཀྱིས་སྤེལ་བའི་དཔྱད་རྩོམ་ལ་མོས་མཐུན་ཡོད་པའི་རྣམ་འགྱུར་བཏོན་འདུག
ཕྱི་ཟླ ༡༢ཚེས ༢༨ནས ༢༩བར་བསྐོངས་པའི༼རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཏང་གི་འཛུགས་སྐྲུན་ལས་དོན་ཚོགས་འདུ་ཐེངས་༢༣ པའི ༽སྟེང་ཞི་ཅིན་ཕེང་གིས། ཏང་གི་མཐོ་རིམ་སློབ་གྲྭའི་འགོ་ཁྲིད་ལས་དོན་ཐད་ད་དུང་ཡང་ཤུགས་སྣོན་དགོས་པ་དང་། རྒྱ་ནག་གི་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་ཆེན་ཡག་པོ་སྐྱོང་ དགོས་ཚུལ་བརྗོད་འདུག
རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གི་གནས་ཚུལ་ནང་། སྲིད་འཛིན་ཞི་ཅིན་ཕེང་གིས། ཡང་དག་པའི་བསམ་བློ་ཁྲིད་སྟོན་གྱི་ལམ་ནས་མཐོ་རིམ་སློབ་གྲྭའི་འདུ་ཤེས་འཛིན་སྟངས་ཀྱི་དབང་ཆར་བཏང་འཛིན་དམ་པོ་བྱེད་དགོས་ཞེས་པ་དང་ཆབས་ཅིག རིམ་པ་སོ་སོའི་ཏང་གི་ལས་ཁང་དང་དྲིལ་བསྒྲགས་སྡེ་ཚན། རྩ་འཛུགས་སྡེ་ཚན། སློབ་གསོ་ལས་ཁུངས་སོགས་ཀྱིས་མཐོ་རིམ་སློབ་གྲྭའི་ཏང་གི་འཛུགས་སྐྲུན་ལས་དོན་ གྱི་འགོ་ཁྲིད་ནུས་པ་མཐོ་རུ་འདེགས་དགོས། ཞེས་ནན་གྱིས་བསྐུལ་འདུག
མཆན: གོང་བཀོད་རྩོམ་ཡིག་འདིའི་ནང་རྒྱ་གཞུང་གི་དུས་དེབ་དེའི་ མིང་ལ་ངས༼ཡིན་རེ༽ཞེས་བསྒྱུར་ཡོད། ལ་ལས༼བདེན་འཚོལ༽ཞེས་བསྒྱུར་ཡོད་སའང་འདུག དུས་དེབ་དེའི་མིང་ལ་རྒྱའི་སྐད་དུ༼求是༽ཟེར་བ་ལས༼求实༽མི་ཟེར་པས། གལ་ཏེ༼求实༽ཡིན་ན༼བདེན་འཚོལ༽རེད་བསམ་བྱུང་།
ངེད་དྲ་ཚིགས།