རྩོམ་པ་པོ། ཟོན་ཐར་རྒྱལ།

གསར་རྩོམ་གྱི་འབྱུང་རྐྱེན།

        ངས་དྲན་གསལ་ལྟར་ན། ངས་སློབ་ཆུང་འགྲིམ་པའི་སྐབས་སུ་ངའི་ཕ་རྒན་གྱིས་ཁོམ་པ་ཡོད་ཚད་ལ་དཔེ་ཆ་རྩབ་ ཧྲལ་ཞིག་ལྟ་ཀློག་བྱེད་ཀྱི་ཡོད། མཚམས་རེ་ཁོང་གིས་དཔེ་ཆའི་ནང་གི་སྒྲུང་ཐུང་ག་གེ་མོ་རེ་ང་ལ་ཤོད་ཀྱི་ཡོད་པ་དང་སྒྲུང་དེ་ཚོ་ཚང་མ་སྟོན་པ་བཅོམ་ལྡན་འདས་ཀྱི་འབའ་ཞིག་རེད།
དེ་ནི་ལོ་རབས་བརྒྱད་ཅུ་པའི་དུས་འགོ་སྟེ་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ཐོག་མའི་དུས་སུ་ཡིན་པ་དང་། སྐབས་དེ་དུས་ཆོས་ལུགས་དང་འབྲེལ་བའི་དཔེ་ཆ་ཤིན་ཏུ་ནས་མཐོང་དཀོན་པ་མ་ཟད། ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་ལག་རྩལ་གྱིས་དཔར་འདེབས་བྱས་པའི་དཔེ་ཆ་ནི་དེ་བས་དཀོན་གཤིས། སྲོལ་རྒྱུན་གྱི་དཔར་སྐྲུན་དཔར་འདེབས་ལག་རྩལ་གྱིས་དཔར་འདེབས་བྱས་པའི་དཔེ་ཆ་དེ་ངའི་ཕ་རྒན་གྱི་གཅེས་པའི་དངོས་པོར་གྱུར། དཔེ་ཆའི་ནང་གི་སྒྲུང་འགའ་ཞིག་ལས་ངའི་སྙོམ་ཆུང་གི་སེམས་པའི་ནང་དོགས་པ་དང་དྲི་བ་མང་པོ་འཆར་བ་དང་དེ་བཞིན་སྒྲུང་འགའ་ཞིག་གིས་ང་རང་ཕྲུ་གུར་དབང་བའི་མཛེས་སྡུག་ལྡན་པའི་བྱིས་དུས་ཀྱི་ལོ་ཟླ་བཙན་འཕྲོག་བྱས་སོང་ཟེར་ཡང་ཆོག
དེ་ཚོའི་ནང་ནས་སྒྲུང་གཏམ་འདི་ད་ལྟ་ཡང་ངའི་དྲན་པའི་ངོས་ལ་ལྷང་ངེར་འཆར་གྱི་འདུག  དེ་ཡང་སངས་རྒྱས་མི་ཡུལ་དུ་བཞུགས་སྐབས་སུ་མོ་ཧྲེང་མ་གཅིག་བུ་གཅིག་ཡོད་པ་དང་།  ལོ་ཞིག་གྲོང་སྡེའི་ནང་དུ་ནད་ཡམས་སྡུག་པ་ཅན་ཞིག་ཁྱབ་ནས་བུ་དེའི་ཚེ་སྲོག་འཕྲོག མ་དེ་སེམས་སྡུག་ཡིད་ཀྱིས་མ་གཟོད་པར་ཉིན་ལྟར་ཕྲུ་གུའི་ཕུང་པོ་པང་དུ་འཁྱེར་ནས་ཕྲུ་གུའི་མིང་ནས་བོས་ཏེ་ཤི་བ་ནས་ལོག་ཨེ་ཐུབ་བྱས་ཀྱང་འབད་པ་སྟོང་ཟད་དུ་གྱུར། དེ་རྗེས་བུད་མེད་དེས་སངས་རྒྱས་ལ་ཕྲུ་གུ་དེ་འདས་ལོག་ཐུབ་ཐབས་ཀྱི་སྐོར་ལ་བཀའ་འདྲི་ཞུས། དེར་སངས་རྒྱས་ཀྱིས་བཀྲ་ཤིས་པའི་རྩྭ་ཞིག་ཡོད་པས་ཁྱེད་ནས་རྩྭ་དེ་རྙེད་ཐུབ་ན་ཁྱེད་ཀྱི་བུ་འདས་ལོག་ཐུབ་ཅེས་གསུངས་པ་མ་ཟད། རྩྭ་དེ་ནི་མི་གཅིག་ཀྱང་འདས་གྲོངས་བྱུང་མྱོང་མེད་པའི་ཁྱིམ་ཚང་ནང་དུ་སྐྱེ་ཚུལ་གསུངས། སེམས་ནང་རེ་བས་ཁེངས་པའི་མ་དེས་ཁྱིམ་དུད་རེ་རེར་འབད་པ་ལྷོད་མེད་ངང་རང་གི་བུ་འདས་ལོག་ཐུབ་པའི་བཀྲ་ཤིས་པའི་རྩྭ་དེ་བཙལ་ཀྱང་། འཇིག་རྟེན་གྱི་ཁམས་འདིར་མི་འདས་གྲོངས་བྱུང་མྱོང་མེད་པའི་ཁྱིམ་དུད་གཅིག་ཀྱང་མེད་གཤིས། ཁོང་གི་བུ་འདས་ལོག་ཐུབ་མཁན་གྱི་མི་གཅིག་ཀྱང་མ་རྙེད། དེ་ནས་སངས་རྒྱས་ཀྱིས་མོའི་བློ་ཁ་ཕྱེས་ནས་གསུངས་དོན། ད་ནི་ཁྱེད་ཀྱིས་གཉེན་ཉེ་སྤུན་མཆེད་ཤི་མ་མྱོང་བའི་དུད་ཚང་གཅིག་ཀྱང་མེད་པའི་གནས་ལུགས་དེ་གཞི་ནས་རྟོགས་སོང་། ལར་འཇིག་རྟེན་གྱི་ཁམས་འདིར་སྐྱེ་བ་ཡོད་ཚད་འཆི་བ་ཡོད་པ་དང་འཆི་བ་ཡོད་ན་སྐྱེ་ བ་ཡོད། སྐྱེ་འཆི་གཉིས་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་སེམས་ཅན་ཐམས་ཅད་འཆི་བ་ལས་ ཐར་ཐབས་མེད་གཤིས། ཁྱེད་ཀྱི་བུ་ཡང་དེ་ལྟར་རོ་ཞེས་གསུངས།
སྒྲུང་དེར་ཉན་རྗེས་ངའི་བྱིས་དུས་ཀྱི་སེམས་པའི་ཐོག་ཏུ་བག་ཆགས་ཟབ་མོ་ཐེབས་པ་མ་ཟད་ཐེངས་དང་པོར་འཆི་བ་ཞེས་པའི་ཚིག་དེའི་ཚོར་བ་སྡུག་བསྔལ་བ་དེ་མྱངས།  རྒྱུན་དུ་རང་གི་ལོ་ཚོད་དང་མི་འཚམ་པའི་སྡུག་བསྔལ་གྱི་ཚོར་བ་མང་དག་ཅིག་གིས་ཁོ་བོའི་སེམས་ཁམས་ལ་དབང་སྒྱུར་བ་དང་ཚོར་བ་དེ་ནི་ཧ་ཅང་གི་མག་མོག་དང་ངེས་ཤེས་མི་ཐུབ་པ་ཞིག་རེད།
རྗེས་སུ་ཁོ་བོ་ལོ་ན་ཉི་ཤུ་རྩ་གསུམ་ལ་སླེབས་སྐབས་དངོས་སུ་འཆི་བ་མི་རྟག་པ་ཞེས་པ་དེ་མྱངས།  སྐབས་དེ་དུས་ཁོ་བོ་ལས་ཀར་ཞུགས་ཙམ་ཡིན་པ་དང་འབྲོག་ཁུལ་གྱི་སློབ་ཆུང་ཞིག་ཏུ་དགེ་རྒན་གྱི་བྱ་བ་སྒྲུབ་བཞིན་ཡོད། ས་གནས་དེའི་འགྲིམ་འགྲུལ་ནི་ཤིན་ཏུ་ནས་སྟངས་མི་བདེ། ཉིན་ཞིག་ཕ་རྒན་གྱིས་མི་གཞན་བརྒྱུད་ནས་ཁོ་བོར་རྨོ་མོའི་ནད་གཞི་ལྕི་མོ་ཡོད་སྐོར་གྱི་ཁ་ལན་ཞིག་བསྐུར་ནས་གང་མགྱོགས་རྨོ་མོར་ཐུག་འཕྲད་ཏུ་ཡོང་དགོས་པའི་རེ་བ་བཏོན་བྱུང་། སྐབས་དེར་ངས་རྨོ་མོའི་ནད་གཞི་ཚབས་ཆེར་གྱུར་ཡོད་པ་ཤེས་ཏེ་ལས་རོགས་ཀྱི་ས་ནས་སྦག་སྦག་ཅིག་གཡར་ནས་ནུས་ཤུགས་ཡོད་དགུས་ཁྱིམ་ལ་ལོག་པ་ཡིན། ངས་ཁྱིམ་གྱི་སྒོ་ཕྱེས་མ་ཐག་མཐོང་བའི་ཁང་པའི་ནང་གི་རྣམ་པ་དེ་ད་ལྟའང་ངའི་དྲན་ཤེས་ཀྱི་ངོས་ལ་གསལ་ལྷམ་མེར་འཆར་གྱི་འདུག  ནང་མི་ཚང་མ་སྒམ་ནན་ངང་རྨོ་མོའི་ཉལ་ཁྲིའི་མཐའ་ཁོར་དུ་ཅི་ཡང་མི་སྨྲ་བར་ཁོང་ གི་ཞལ་ལ་གཟིགས་ནས་བཞུགས་འདུག ནང་མི་ཚོའི་མཚམས་མི་ཆད་པའི་ཕྲེང་རྡོག་འདྲེན་པའི་སྒྲ་ཕུད་ཁང་པའི་ནང་དུ་དེ་མིན་གྱི་སྒྲ་ཅི་ཡང་ཐོས་རྒྱུ་མི་འདུག རྨོ་ལགས་མ་གཞི་དབུགས་ཀྱི་རྒྱུ་བ་ཆད་མེད་ཀྱང་དྲན་ཚོར་མེད་པར་གྱུར་འདུག ངའི་ཕ་རྒན་གྱིས་ང་སླེབས་པ་མཐོང་མ་ཐག་ལམ་སེང་རྨོ་ལགས་གམ་དུ་བསྙེགས་ནས་ཁོང་གི་རྣ་འགྲམ་དུ་སྐད་གསང་མཐོན་པོས་བརྩེ་བའི་ཨ་མ་ལགས་ཁྱེད་ཀྱི་ཚ་བོ་ཡང་ཐོན་ སོང་ཞེས་གསུངས། སྐད་འབོད་དེས་ང་ལ་བར་ཐག་ཅིག་ཡོད་པའི་སྣང་བ་ཞིག་སྦྱིན་བྱུང་། བར་ཐག་དེས་ང་ལ་ངེས་ཤིག་ཤིག་སྦྱིན་བྱུང་བ་ནི།  རྨོ་ལགས་ས་ཐག་རིང་པོ་ཞིག་གི་སར་སོང་ཚར་ཡོད་པ་དང་དེ་ལྟར་སྐད་འབོད་བྱས་ཚེ་ ཁོང་གིས་གཞི་ནས་རང་གི་བུའི་སྐད་སྒྲ་ཐོས་ཐུབ་རྒྱུ་རེད། ངའི་ཕ་རྒན་གྱི་སྐད་སྒྲ་ནི་ཇི་ལྟར་གསལ་ཞིང་མཐོ་མོད་ཀྱང་རྨོ་ལགས་ནི་བག་ཕེབས་ ངང་གནས་པ་མ་གཏོགས་ཚུར་སྣང་ལན་འཆར་ཅི་ཡང་མི་འདུག དེ་ལྟར་གྱི་རྣམ་པའི་འོག་ང་ཚོ་ནང་མི་རྣམས་ཀྱིས་གཉིད་ཁུག་པར་དཀའ་པའི་མཚན་མོ་ ཞིག་ཕར་ལ་བསྐྱལ་བ་ཡིན།
བོད་པའི་གོམས་སྲོལ་ལྟར་ན་མི་འདས་གྲོངས་སྐབས་སམ་འདས་གྲོངས་སོང་རྗེས་ནང་མིས་དགེ་འདུན་པ་གདན་དྲངས་ནས་ཤི་པོར་བར་དོ་ཐོས་གྲོལ་འདོན་པའམ་ཤི་པོའི་རྗེས་འཇུག་གི་ཆོ་ག་བྱ་ཡི་ཡོད།  ངའི་རྨོ་དང་ཕ་རྒན་གཉིས་ནི་ཆུང་དུས་ནས་དགོན་པའི ༼ ཨ་མདོ་ས་ཁུལ་གྱི་རྙིང་མའི་དགོན་པ་ཞིག་གི ༽ ཉེ་ཁོར་དུ་འཚར་ལོངས་བྱུང་བ་ཡིན་པས་ཆོས་ལུགས་ནི་ཁོ་ཚོའི་ཤ་རུས་ཀྱི་ནང་དུ་སིམ་ནས་ཡོད།  ཕ་རྒན་གྱི་རེ་བ་ནི་ཉིན་གཉིས་པར་རྨོ་ལགས་དགོན་པར་གདན་དྲངས་ནས་དགོན་པའ་དགེ་འདུན་ཡོངས་ཀྱིས་ཤི་བོ་ཡར་འདྲེན་གྱི་ཆོ་ག་འདོན་རྒྱུ་དེ་ཡིན།  དེ་ནི་བོད་པ་ཞིག་གི་ངོས་ནས་བརྗོད་ན་ཧ་ཅང་གི་གཟི་བརྗིད་དང་ལྡན་པའི་བྱ་བ་ཞིག་ རེད།
ཞོགས་པ་དེར་ང་ཚོ་ནང་མི་ཚང་མས་ཁ་བས་བཏུམས་པའི་རི་ལམ་བརྒྱུད་ནས་རྨོ་ལགས་འདྲུད་འཐེན་འཁོར་ལོའི་ནང་དྲངས་ཏེ་དགོན་པར་གདན་འདྲེན་ཞུས་པ་ཡིན།  ཀྱག་ཀྱོག་འབར་འབུར་གྱི་རི་ལམ་དང་འདྲུད་འཐེན་འཁོར་ལོའི་སྒྲས་རྨོ་ལགས་ལ་ཐུགས་སུན་གང་ཡང་བཟོས་མི་འདུག་ལ་ཁོང་ནི་སྔར་བཞིན་བག་ཕེབས་ངང་འཁོར་སྒྲོམ་ནང་གནས་འདུག  དགོན་པར་སླེབས་རྗེས་དགེ་འདུན་པ་ཡོངས་ཀྱིས་རྨོ་ལགས་མཐའ་བསྐོར་ནས་ཆོ་ག་ཕྱག་ལེན་གནང་སོང་།  སྙན་འཇེབས་ཀྱི་ཆོས་སྒྲ་ལུང་ཁུག་གང་སར་ཁྱབ་པ་དང་མཚམས་རེར་དགོན་པའི་མདའ་གཡབ་འོག་གི་དྲིལ་བུའི་སྒྲ་དང་ཕན་ཚུན་རེས་མོས་སུ་གྲག་ནས་ཁུ་སིམ་ཞིང་དོན་དང་ལྡན་པར་སྣང།  སྐབས་དེར་རྨོ་ལགས་ཀྱིས་གློ་བུར་དུ་ལུས་པོ་བསྒུལ་ནས་ཕྲེང་བ་བགྲང་བའི་ཕྱག་རྒྱ་བྱས་སོང་། ཕ་རྒན་གྱིས་དེ་དོན་རྟོགས་ནས་ལམ་སེང་ཁོང་རང་གི་ཕྲེང་བ་དེ་རྨོ་ལགས་ཀྱི་ཕྱག་ནང་བཞག་སོང་། རྨོ་ལགས་ཀྱིས་དེ་འཕྲལ་གོ་རིམ་ཡོད་པའི་ངང་ཕྲེང་བ་བགྲང་བཞིན་འདུག དེ་གར་ཡོད་པའི་མི་རྣམས་ཧང་སངས་བ་མ་ཟད་སེམས་འགུལ་ཡང་དྲག་པོ་ཐེབས་སོང་། རྨོ་ལགས་ཀྱིས་ཕྲེང་སྐོར་ཐེངས་གཅིག་བགྲངས་རྗེས་ཞི་ཞིང་བག་ཕེབས་ངང་ང་ཚོ་དང་ཁ་བྲལ་སོང་།
ཕྱིས་སུ་རིམ་གྱིས་ལོ་ལོན་པ་དང་ངས་གཉེན་ཉེ་དག་གཅིག་རྗེས་གཉིས་མཐུད་ངང་ཁ་བྲལ་བའི་གྱེས་གདུང་དེ་ངང་གིས་ཤེས་ཚོར་དང་ཁས་ལེན་བྱས་པ་མ་ཟད།  འཆི་བ་མི་རྟག་པར་ཡང་རང་གི་གོ་བ་ལོན་སྟངས་ཤིག་རྙེད།
ཉེ་བའི་ལོ་ཤས་རིང་ཉིན་ལྟར་པེ་ཅིང་གི་སྲང་ལམ་གང་སར་དུས་ཚོད་དང་བང་འགྲན་བྱ་སྐབས་མིག་གཉིས་དབང་མེད་དུ་ཞོགས་པའི་ལུས་སྦྱོང་བྱ་མཁན་གྱི་རྒན་འཁོགས་དག་གི་ ལུས་སྟེང་ལ་བལྟ་བར་ཤོར་འགྲོ་གི་འདུག ཁོ་ཚོས་ནན་ཏན་གྱིས་སྒུལ་བའི་ལུས་པོའི་འགུལ་སྟངས་རེ་རེའི་ནང་འཆི་བར་འགྲན་རྒོལ་གྱི་ཨུ་ཚུགས་ཇི་ཙམ་ཡོད་དམ་སྙམ། ངས་ཨུ་ཚུགས་འདིའི་ནང་དུ་ཚེ་སྲོག་ལ་བརྩི་མཐོང་ལྡན་མི་འདུག་ཅེས་བརྗོད་པར་མི་ནུས་ལ་འགྲན་རྒོལ་འདི་ནི་འུ་ཐུག་ཐབས་ཟད་ཀྱི་གདམ་ཁ་ཞིག་རེད་སྙམ་པར་མི་ནུས།  དེ་ནས་ཡང་གཅིག་མཚུངས་ཀྱི་མི་རྣམས་རང་དབང་མེད་པར་བརྩི་བཀུར་འོས་པའི་ཚེ་སྲོག་གི་མཛེས་སྡུག་ཅིག་མངོན་གྱིན་འདུག འོན་ཀྱང་ག་དུས་ཡིན་ཡང་ངའི་ཕ་ཡུལ་གྱི་རྒན་འཁོགས་རྣམས་ཀྱི་སྣང་མེད་དང་བློ་གཤོགས་ཆེ་བའི་རྣམ་འགྱུར་དེ་འབྲེལ་གྱིས་དྲན་པའི་ངོས་སུ་འཆར་ཡོང་གི་འདུག ཁོ་ཚོ་རྒྱུན་དུ་དགོན་པའི་ཉེ་འགྲམ་མམ་ཡང་ན་ལྷ་ཁང་གི་མདུན་དུ་བྲེལ་ཚུབ་ངང་གནས་པ་དང་།  ག་དུས་ཡིན་ཡང་སྣང་མེད་ཀྱི་འཛུམ་མདངས་ཀྱིས་ཁྱེད་ལ་ཁོ་ཚོས་འཆི་བ་མི་རྟག་ལ་སྔར་ནས་གྲ་སྒྲིག་ཨང་གསར་བྱས་ཡོད་ཅེས་བརྗོད་ཀྱི་འདུག


གློག་བརྙན་གྱི་སྐོར།

      མཐའ་མི་མངོན་པའི་མྱ་ངམ་ཐང་དུ་ནག་ཡུག་ཡུག་གི་སྣུམ་ནག་གཞུང་ལམ་གནམ་ས་འདྲེས་མཚམས་སུ་བརྐྱངས་འདུག་ཅིང་། མིག་སྲེག་པར་བྱེད་པའི་གཞུང་ལམ་སྟེང་དུ་མིའི་གཟུགས་རིས་གཉིས་ཡམ་ཡོམ་དུ་འགུལ་བཞིན་འདུག འདི་ནི་ངས་འཁྲབ་གཞུང་འདི་རྩོམ་མགོ་ཚུགས་དུས་སུ་ཡིད་ལ་ཤར་བའི་སྣང་བརྙན་དེ་རེད་ལ། ང་རང་ལྷ་ས་ལ་འགྲོ་དུས་ན་གོར་མོའི་ཡུལ་ལྗོངས་འདིས་སྦྱིན་པའི་འཆར་ཡན་འགའ་ཞིག་ རེད།  ལོ་འགའི་སྔོན་དུ་ངས་མྱ་ངམ་ཐང་འདིའི་སྐོར་གྱི་འཁྲབ་གཞུང་ཞིག་འབྲི་འདོད་སྐྱེས་ཤིང་།  རྗེས་སུ་ངས་སྤུན་གཉིས་ཀྱིས་རང་ཉིད་ཀྱི་ཨ་མ་གཅིར་བའི་གཏམ་རྒྱུད་ངོ་མ་ཞིག་ཐོས།  སྐྱོ་གར་དེས་ང་རང་ཞེད་དུ་བཅུག་པ་དང་ལྷན་དུ་འཛད་མཐའ་མེད་པའི་འདྲི་གཞི་མང་པོ་ཞིག་གིས་ང་རང་དམ་དུ་བསྡམས།  གལ་སྲིད་དོན་དག་དེ་ངའི་ལུས་སྟེང་དུ་བྱུང་ན་ག་རེ་བྱ་དགོས་པ་དང་སྤུན་དེ་གཉིས་ཀས་འཚོ་བར་གདོང་ཇི་ལྟར་གཏད་ཡོད་པ། གདོང་གཏད་པའི་སེམས་དཔའམ། གལ་ཏེ་དཔའ་ན་དེ་ཆོས་ལུགས་ཀྱི་མཐུའམ་ཡང་ན་གང་ནས་བྱུང་བ་སོགས་འདྲི་གཞི་མང་པོས་ང་རང་སྡུག་ལ་སྦྱར།
རིམ་གྱིས་ངས་སྤུན་དེ་གཉིས་ཀྱི་ལས་དབང་ལ་བསམ་བློ་བཏང་མགོ་བརྩམས་པ་ཡིན་ལ་མི་སྣ་དེ་གཉིས་ཀའི་ལས་དབང་གཞིར་བྱས་ནས་འཁྲབ་གཞུང་བློས་བསླངས་བྱས། སྒང་པ་བོད་པ་ནི་ནང་པའི་ཆོས་ལ་དད་ཅིང་བཀུར་བ་དང་ཆོས་ལུགས་ཀྱིས་ཡོད་ཚད་བདག་ཏུ་བཟུང་བའི་མི་རིགས་ཤིག་ཡིན་ཕྱིར། ངས་ཐོག་མར་བོད་མིའི་སེམས་ཁམས་རིག་གནས་ལས་མི་སྣ་དེ་གཉིས་སྐྱོབ་པའི་འཆར་གཞི་འཐེན་མོད། འཁྲབ་གཞུང་འདི་ལ་མཚོན་ན་སྐྱོབ་ཐབས་འདི་ལྟ་བུར་ཐོད་བརྒལ་གྱི་ཆ་ཅི་ཡང་མེད་ལ། ང་རང་ནས་ཀྱང་ཁ་ཏའི་ལམ་ནས་ཁོ་ཚོ་སྐྱོབ་མི་འདོད། སྐྱོབ་ཐབས་འདི་རྙིང་ཞིང་སྟོབས་ཤུགས་མེད་པ་ཞིག་ཏུ་མཐོང་བས། ལོ་ངོ་འདི་གཉིས་ཀྱི་རང་ལ་ངས་རྟག་པར་ཁོ་གཉིས་ཇི་ལྟར་སྐྱོབ་པའི་སྐོར་ལ་བསམ་བློ་བཏང་བ་ཡིན།
ག་ལེར་མིའི་འཚོ་བ་རང་ངོས་ནས་ཁོ་ཚོ་སྐྱོབ་པར་ཀུན་ལས་ལྷག་པའི་སྟོབས་མངའ་ལ། སྐྱོབ་ཐབས་འདི་ཤར་ཕྱོགས་པའི་ཚེ་སྲོག་གི་མྱོང་བའམ་རིག་གནས་ཀྱི་ངོ་བོ། ཁྱད་པར་དུ་བོད་མིའི་ཚེ་སྲོག་དང་འཚོ་བར་བཅངས་པའི་མྱོང་ཚོར་དང་མཐུན་པར་འདོད་པས། བློས་བསླངས་འདི་གཞི་བྱས་ནས་མིག་སྔའི་འཁྲབ་གཞུང་འདི་གྲུབ་པ་ཡིན། མྱ་ངམ་ཐང་གིས་མི་སྣ་གཙོ་བོའི་སེམས་ཀྱི་གནས་སྟངས་དེ་མངོན་པར་བཤམས་ཐུབ་པས་ འཁྲབ་གཞུང་གི་ཡུལ་ལྗོངས་མྱ་ངམ་ཐང་དུ་སྤར་ཞིང་མི་ཆ་མེད་གཉིས་མཐའ་མེད་པའི་མྱ་ངམ་ཐང་དུ་བཞག་པ་དེས་མི་དང་མིའི་བར་ཐག་གི་ཚོར་བའང་དོན་དང་ལྡན་པ་བྱ་ཐུབ།
གློག་བརྙན་གྱི་སྟངས་སྟབས་མགྱོགས་པའི་ཆེད་དུ་ངས་འདས་པ་དང་ད་ལྟ་གཉིས་བསྣོལ་མར་བསྲེས་ཤིང་། བརྐྱངས་ཕྱག་འཚལ་ནས་ལྷ་སར་སླེབས་རྗེས་ཀྱི་མི་སྣ་གཙོ་བོ་ཉི་མའི་སེམས་ཁམས་ད་ལྟ་རུ་བྱས་ཏེ། ཁོ་རང་མུན་པ་ནས་ཉི་མར་ཕྱོགས་པ་དང་བདག་མེད་ནས་བདག་ཉིད་རྙེད་པའི་སེམས་ཁམས་བྲིས་ཡོད།
འདི་ནི་རང་གི་ཉེས་པ་དག་ཐབས་བྱེད་པའི་གློག་བརྙན་ཞིག་ཡིན་ལ་མཚན་ཉིད་རིག་པ་དང་འབྲེལ་བ་ཆགས་པའི་གློག་བརྙན་ཞིག་ཀྱང་ཡིན་པར་གོར་མ་ཆག  འོན་ཏེ་གསར་རྩོམ་གྱི་བརྒྱུད་རིམ་ནང་ངས་སྔ་ཕྱི་གཉིས་ཀར་མཚན་ཉིད་རིག་པའི་གསལ་བཤད་དམ་འགྲེལ་བཤད་བྱས་མེད་ལ་གློག་བརྙན་གྱིས་མི་ཚེའི་གཏན་ཚིགས་ཀྱི་ལུང་ཚིག་དེ་བས་དྲངས་མེད། ངའི་བསམ་པར་དེ་ནི་རྣམ་པ་སྤྱིར་བཏང་ཡིན་ཡང་ལྗིད་ཀྱིས་ནོན་པ། རྒྱུན་ལྡན་ཡིན་ཡང་གཞན་ཆོས་མངོན་པ། གྲིབ་འཁྱག་འོག་ནས་འོད་དྲོད་ཚོར་ཐུབ་པ། ཤ་རུས་པའི་བརྩེ་དུང་གིས་གཏམས་པའི་གློག་བརྙན་ཞིག་ཡིན་དགོས་སྙམ། སྟོད་ཆ་རྫོགས་སོ༎

རྩོམ་ཁུངས། ལ་རྩེ་དུས་དེབ།

དཔྱད་མཆན་སྤེལ།

%d bloggers like this: