རྫ་ཚེ་རིང་བཀྲ་ཤིས།

     དེ་ཡང་ཁ་རྩང་གུས་པ་ཤེར་འོད་གླིང་གསར་བཞེངས་ཀྱི་རབ་གནས་མཛད་སྒོར་གཅར་རྒྱུའི་གོ་སྐབས་བྱུང་ཞིང་། འདི་ནི་མཉམ་མེད་རྒྱལ་བ་འབྲི་གུང་བའི་རིང་ལུགས་འཛིན་པ། ཐའེ་ཝན་གནས་བཞུགས་བླ་མ་ཡེ་ཤེས་རབ་རྒྱས་ཀྱིས་ཕྱག་བཏབ་གནང་བའི་སྒོམ་སྒྲུབ་ལྟེ་གནས་ཤིག་རེད། འདིར་རྩ་བའི་ཚོགས་ཁང་དང་། མཚམས་ཁང་།  སྤྱིའི་རུང་ཁང་བཅས་མ་ལག་ཁག་གསུམ་གྱིས་གྲུབ་ཡོད། ཁོང་གིས་ལོ་མང་རིང་དཀའ་ཚེགས་དང་འབད་་བརྩོན་མང་པོ་བརྒྱུད་ས་ཆ་ཉོ་སྒྲུབ་སོགས་དགོས་ངེས་ཀྱི་ལས་དོན་ཁག་བསྒྲུབས་རྗེས་འཛུགས་སྐྲུན་གྱི་མགོ་འཛུགས་གནང་བ་ཞིང་། ད་ལྟ་རྩ་བའི་ཆ་ནས་གང་འཚམས་་ལེགས་གྲུབ་ཟིན་པ་དང་། སའི་རྒྱ་ཁྱོན་ཧ་ཅང་ཆེན་པོ་ཡོད་པ་སོགས་མིང་དང་དོན་དུ་མཚུངས་པའི་སྒོམ་སྒྲུབ་ཀྱི་སྟི་གནས་བཟང་པོ་ཞིག་ཏུ་འདུག
ཆགས་ཡུལ་ཐའེ་ཝན་གྱི་དཀྱིལ་རྒྱུད་ཐའེ་ཀྲུང་ས་ཁུལ་དུ་གཏོགས་ཤིང་ཧྲི་ཀང་ཞེས་པའི་རི་སུལ་ཞིག་ན་ཆགས། མདུན་ངོས་ནས་ཕར་ལྟས་ན་རྒྱང་རིང་ཙམ་གྱི་ས་ནས་ཁད་ཀྱིས་དམའ་བའི་ལུང་གཤོངས་དང་། ཞི་བདེ་རྒྱ་མཚོ་ལ་རིམ་གྱིས་གཞོལ་བའི་རི་སུལ་དག་མཐོང་ཐུབ་ཅིང་། རྒྱབ་མཐོ་ལ་མདུན་དམའ་བ། གཡེལ་ཆེ་ལ་མཐོངས་ཡངས་པ་སོགས་བསམ་གཏན་གྱི་གནས་ལ་དགོས་པའི་སའི་དཔྱད་ལེགས་པར་ཚང་ཤིང་། གཡས་གཡོན་གྱི་ཁོ་ར་དང་ཁོར་ཡུག་ཚང་མ་ཚ་ལུ་མའི་ལྡོང་བོ་དང་སེའུའི་སྡོང་པོ་སོགས་གཟའ་ཤིང་གི་ར་བ་དང མེ་ཏོག་ཅན་གྱི་ལྗོན་ཤིང་བཟང་པོས་མཛེས་པར་ཁེངས་ཤིང་། འཇམ་ཞིང་གསལ་བའི་ཉི་འོད་དང་། གཙང་ཞིང་བསིལ་བའི་རླུང་བུ། དབེན་ཞིང་འཇགས་པའི་ཁོར་ཡུག་གི་མཛེས་བཀོད་དག་ནི་སྤྱིར་བཏང་གི་ཐའེ་ཝན་གྱི་ས་ཆ་ཞིག་ནས་ཧ་ཅང་རྙེད་པར་དཀའ་བ་དང་། མི་རྣམས་ལ་ནང་གི་དགའ་བ་རང་ཤུགས་ཀྱིས་འདྲེན་པའི་བསམ་གཏན་གྱི་གནས་བཟང་པོ་ཞིག་ཏུ་གྲུབ་འདུག
དེ་ཡང་། ཇི་ལྟར་གསོལ་བ་བཏབ་པ་བཞིན། རབ་བྱུང་༡༧ པའི་བོད་རྒྱལ་ལོ་༢༡༤༡ རབ་གནས་ཤིང་རྟ་ལོའི་དགུན་ཟླ་ཐ་མའི་ཚེས་དགུ སྤྱི་ལོ་༢༠༡༥ཟླ་༡་ཚེས་༢༨བཟང་པོར། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ ༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་འཕྲིན་ལས་ལྷུན་གྲུབ་མཆོག་ཉིད་རི་ངོགས་འདིར་དངོས་སུ་ཞབས་སོར་འཁོད་གནང་ཞིང་། དེ་ཡང་ཀཿཐོག་རིག་འཛིན་ཆེན་པོ་དང་། བོད་ནས་ཆེད་ཕེབས་གནང་བའི་འཕྲེང་དྷཱིཿརིན་པོ་ཆེ། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ། སྒྲུབ་དཔོན་བསྟན་འཛིན། སྨོན་ལམ་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་དང་།  ནང་བསྟན་སྲི་ཞུ་ཁང་གི་འགན་འཛིན་ངག་དབང་ཕྲིན་ལས་སོགས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་དང་དད་ལྡན་བརྒྱད་ཅུ་ལྷག་གིས་ཕེབས་གསུ་དང་བཅས་སྔ་དྲོ་ཆུ་ཚོད་བཅུ་གཅིག་ཙམ་ལ་སྒྲུབ་ཁང་དུ་དངོས་སུ་ཞབས་སོར་འཁོད་པ་དང་། སྣོད་བཅུད་རྟེན་དང་བརྟེན་པ་ཡོངས་ལ་ཁྲུས་གསོལ་དང་རབ་ཏུ་གནས་པའི་ཆོ་ག་ལེགས་པར་གྲུབ་རྗེས་༧སྐྱབས་མགོན་མཆོག་གིས་འདུས་མང་ཡོངས་ལ་རྗེ་བཙུན་ཏེ་ལོ་པས་ཆུ་བོ་གངྒའི་འགྲམ་དུ་དཔལ་ན་རོ་པ་ལ་གདམས་པའི་ཕྱག་ཆེན་གངྒ་མའི་ཁྲིད་ལུང་བསྩལ། དེ་ནས་བླ་མ་ཡེ་ཤེས་རབ་རྒྱས་མཆོག་གིས་༧སྐྱབས་མགོན་རིན་པོ་ཆེ་མཆོག་དང་དགེ་འདུན་པར་རྟེན་འབྲེལ་གྱི་འབུལ་མཚོན་ཕུལ་ཞིང་།  ༧སྐྱབས་མགོན་མཆོག་གིས་དེར་འདུས་མི་མང་ཡོངས་ལ་ཕྱག་དབང་དང་བྱིན་རླབས་བསྩལ་རྗེས་སྐུ་དངོས་སུ་འདུས་ཚོགས་ཡོངས་དང་མཉམ་དུ་ཁོར་ཡུག་ཧྲིལ་པོར་ཞབས་ཀྱིས་བཅགས་ཤིང་ཞིབ་གཟིགས་མཛད་གྲུབ་རྗེས། ༧སྐྱབས་མགོན་མཆོག་ཉིད་ཉིན་གུང་གསོལ་ཚིགས་གནང་ཡུལ་དང་ཕེབས་ཏེ་སྐུ་མགྲོན་རྣམ་པ་དང་ལྷན་ལུགས་གཉིས་བླངས་དོར་དང་འབྲེལ་བའི་བསླབ་བྱ་དང་། ཁྱད་པར་བོད་ཕྱི་ནང་གི་ཤེས་ཡོན་སློབ་གསོའི་གནས་བབ་དང་། གནའ་དེང་ལོ་རྒྱུས་ཀྱི་བྱུང་བ་སོགས་དང་འབྲེལ་བའི་བཀའ་མོལ་མང་པོ་གནང་ཞིང་། སྐུ་མགྲོན་དག་དང་ལྷན་དུ་ཐུགས་བག་ལྷོད་པོས་ཉིན་གུང་གསོལ་ཚིགས་གྲུབ་པ་དང་། སླར་ཡང་། བཀྲ་ཤིས་སྨོན་ལམ་གྱི་མཚམས་སྦྱོར་དང་བཅས་ཏེ་སྒྲུབ་ཁང་གི་ཟུར་ངོས་སུ་འཕགས་པའི་ཡུལ་མཆོག་རྒྱ་གར་རྡོ་རྗེ་གདན་ནས་གདན་འདྲེན་ཞུས་གནང་བའི་བྱང་ཆུབ་ཤིང་གི་ས་བོན་ཉིད་སྐུ་ངོ་མས་ཕྱག་གིས་བཞེས་ཏེ་འདེབས་འཛུགས་མཛད་མཐར་ཉིན་དེའི་སྒྲུབ་ཁང་བྱིན་རླབས་དང་འབྲེལ་བའི་གནང་སྒོ་ཁག་ཕུན་སུམ་ཚོགས་པའི་ངང་ནས་ལེགས་པར་གྲུབ།
གུས་པའང་བོང་བ་གསེར་གཟིགས་ཀྱི་བདག་རྐྱེན་གྱིས་མགྲོན་འབོད་གནང་བར་མ་ཟད། ༧སྐྱབས་མགོན་རིན་པོ་ཆེའི་མདུན་ནས་བཀའ་སློབ་དང་བཀའ་ཆོས་ཞུ་རྒྱུའི་གོ་སྐབས་ཐོབ་པ་སོགས་ཉིན་དེར་ཕྲན་རང་ལ་མཚོན་ན་ཡང་ཧ་ཅང་དོན་སྙིང་ལྡན་པའི་ཉིན་མོ་ཞིག་ཏུ་གྱུར།
མཐར་སྒོམ་སྒྲུབ་ཁང་འདིའི་འབྱུང་འགྱུར་དང་འབྲེལ་བའི་ཐད་ལ་ཤེར་འོད་སྒོམ་གླིང་བཞེངས་སྐྲུན་གནང་མཁན་བླ་མ་ཡེ་ཤེས་རབ་རྒྱས་ཀྱིས་ཕྲན་ལ་གསུང་དོན། ང་རང་སྒེར་ངོས་ནས་ཞི་བྱེད་གཅོད་ཀྱི་ཆོས་བཀའ་དང་ཉམས་ལེན་ལ་དམིགས་བསལ་འདུན་པ་ཡོད་མཁན་ཞིག་ཡིན་པའི་ཆ་ནས་གཅོད་ཀྱི་ཉམས་ལེན་རེ་བྱེད་ཐུབ་ན་བསམ་པ་ཙམ་ཡོད་པ་ལས་གཞན། རྩ་བའི་ཆ་ནས་སྟེ་གནས་འདིར་ཉམས་ལེན་གནང་མཁན་དང་མཚམས་ལ་བཞུགས་མཁན་ཡིན་ན་ཆོས་ལུགས་བྱེ་བྲག་པ་ཞིག་གི་གདམས་ཁྲིད་དང་ཕྱག་བཞེས་ཁོ་ན་ཉམས་ལེན་བྱེད་དགོས་པར་མིན་པར། ཆོས་ཚད་ལྡན་སྒྲུབ་མཁན་གྱི་གང་ཟག་སུ་འདྲ་ཞིག་གིས་རང་གིས་ཆོས་གང་ཞིག་ཉམས་སུ་ལེན་བསམ་ནའང་རང་དབང་གི་སྒོ་ནས་ཉམས་ལེན་གནང་ཡུལ་གྱི་རིས་མེད་ཀྱི་ལྟེ་གནས་ཤིག་ཆགས་རྒྱུའི་ཕྱོགས་ལ་བསམ་བློ་བཏང་ཡོད་ལ།  མཚམས་ཁང་དག་ཀྱང་མུ་མཐུད་ས་ཆའི་གནས་བབ་དང་བསྟུན་ནས་རྒྱ་བསྐྱེད་གནང་བཞིན་ཡོད། ཅེས་གསུང་།
གནས་འདིར་ལོ་འདི་དག་གི་རིང་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་དང་། མཁན་ཆེན་དཀོན་མཆོག་རྒྱལ་མཚན།  ནུབ་པ་རིན་པོ་ཆེ་དང་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེ་སོགས་དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་དང་མཁས་གྲུབ་དམ་པ་མང་པོ་ཆེད་དུ་གདན་ཞུས་གྱིས་ས་གཞི་བྱིན་རླབས་སོགས་དང་འབྲེལ་བཀའ་ཆོས་དང་དབང་ལུང་མན་ངག་གི་བཀའ་ཁྲིད་བསྩལ་གནང་མྱོང་ཡོད་པ་རེད་འདུག
མདོར་ན། ཐའེ་ཝན་འདིར་མཚོན་ན་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་ཀྱང་བརྟན་ལ་མི་བརྟན་པ་དང་གནས་སྐབས་ཀྱི་ཞབས་རིམ་ལྟེ་གནས་ལྟ་བུར་གྱུར་པ་མི་ཉུང་ཞིང་། དགོན་པ་དང་བཤད་སྒྲུབ་ཀྱི་ལྟེ་གནས་ཡུན་རིང་རྒྱུན་ཆགས་ཀྱི་འཆར་འགོད་དང་དམིགས་ཡུལ་བཅང་ནས་བཞེང་སྐྲུན་བྱས་པ་ཧ་ཅང་ཉུང་བའི་ཆ་ནས་ལྟེ་གནས་འདི་འདྲ་ཞིག་ས་ཆ་འདི་ཀ་རང་དུ་འཛུགས་གནང་ཐུབ་པ་ནི། བོད་བརྒྱུད་ནང་བསྟན་སྤྱི་དང་ཁྱད་པར་ཐའེ་ཝན་བོད་བརྒྱུད་ནང་བསྟན་དར་འཕེལ་གྱི་ད་ཡོད་གནས་བབ་ཀྱི་ཆ་ནས་བཤད་ན་ཡང་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག

སྤྱི་ལོ་ 2015ཟླ་1ཚེས་28 ལ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཡུལ་དངོས་ཀྱི་མཐོང་ཐོས་དང་ཚོར་སྣང་བཅོས་ལྷད་མེད་པར་ཟིན་བྲིས་སུ་བྱས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading