འདི་ལོའི་ཕྱི་ཟླ་༢ པའི་ནང་༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་ཏེ་སྲིད་འཛིན་ཨོ་བྷ་མ་དང་ལྷན་ དུ་ཨ་རིའི་རྒྱལ་ཁབ་ཀྱི་གསོལ་འདེབས་ཞོགས་ཇའི་སྟེང་མཉམ་ཞུགས་གནང་རྒྱུ་ཡིན་འདུག
ཕྱི་ཟླ་༡ པོའི་ཚེས་༢༩ ཉིན་ཨ་རིའི་<<བདུན་རེའི་དུས་བབ་>> སྟེང་ཨ་རིའི་རྒྱལ་ཁབ་ཀྱི་གསོལ་འདེབས་ཞོགས་ཇ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ བྷོབ་ཀེ་སེ་(Bob Casey) ཡི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༢ པའི་ཚེས་༥ ཉིན་གྱི་ཨ་རིའི་རྒྱལ་ཁབ་ཀྱི་གསོལ་འདེབས་ཞོགས་ཇའི་འདུ་འཛོམས་སྟེང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ལྷན་དུ་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་། དེ་ནི་༧གོང་ས་མཆོག་དང་ཨོ་བྷ་མ་རྣམ་གཉིས་ཡོངས་གྲགས་ཐོག་མཇལ་འཛོམས་བྱེད་པ་ཐོག་མ་ཆགས་རྒྱུ་ཡིན་འདུག
གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བྷོབ་ཀེ་སེ་ཡི་ལས་རོགས་མཱི་ལར་(Alex Miller) གྱིས་བརྗོད་པར་གཞིགས་ན། ༧གོང་ས་མཆོག་ཞོགས་ཇའི་འདུ་འཛོམས་སྟེང་མཉམ་ཞུགས་གནང་རྒྱུ་ཡིན་ནའང་། མཛད་སྒོའི་ཐོག་གསུང་བཤད་གནང་འཆར་མེད་པ་རེད། ད་ལྟའི་ཆཪ་ཨ་རིའི་ཕོ་བྲང་དཀར་པོའི་ཕྱོགས་ནས་ད་དུང་སྲིད་འཛིན་ཨོ་བྷ་མའི་ལས་རིམ་ཕྱིར་བསྒྲགས་བྱས་མེད་ཀྱང་། ཨོ་བྷ་མ་སྲིད་འཛིན་ཆགས་པ་ནས་བཟུང་ལོ་ལྟར་རྒྱལ་ཁབ་ཀྱི་གསོལ་འདེབས་ཞོགས་ཇའི་འདུ་འཛོམས་སྟེང་མཉམ་ཞུགས་བྱས་ཡོད་པ་མ་ཟད།  གཏམ་བཤད་ཀྱང་སྤེལ་ཡོད་པ་རེད།
ཨ་རིའི་རྒྱལ་ཁབ་ཀྱི་གསོལ་འདེབས་ཞོགས་ཇའི་འདུ་འཛོམས་ཞེས་པ་ནི་ཨ་རི་དང་དབྱིན་ཡུལ་དུ་དར་བའི་ཡི་ཤུའི་ཆོས་ལུགས་ལས་ལྷ་ལ་གསོལ་འདེབས་ཀྱི་ཆོ་གའམ་མཛད་སྒོ་ཞིག་ཡིན་པ་དང་།  ལོ་ལྟར་ཕྱི་ཟླ་གཉིས་པའི་རེས་གཟའ་ཕུར་པུ་དང་པོ་ནམ་ཡིན་ལ་ཨ་རིའི་གྲོས་ཚོགས་ནང་ཆོས་ལུགས་ཀྱི་མཛད་སྒོ་དེ་འཚོགས་ཏེ། ཨ་རིའི་ལས་ཐོག་སྲིད་འཛིན་གཙོས་པའི་གཞུང་གི་མཛད་གཙོ་རྣམ་པ་དང་། འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་བརྒྱ་ཙམ་གྱི་སྐུ་ཚབ་མགྲོན་འབོད་བྱེད་ཀྱི་ ཡོད་པ་མ་ཟད། སྐུ་མགྲོན་གཙོ་བོ་གཅིག་དང་སྲིད་འཛིན་གཉིས་ཀྱིས་གཏམ་བཤད་སྤེལ་བའི་ལུགས་སྲོལ་ ཡོད་འདུག ཕྱི་ལོ་༡༩༥༣ ལོར་གཞུང་འབྲེལ་གྱི་ཆོས་ལུགས་མཛད་སྒོ་དེ་ཐོག་མར་འགོ་འཛུགས་བྱས་ཏེ། དང་ཐོག་སྲིད་འཛིན་གྱི་གསོལ་འདེབས་ཞོགས་ཇའི་འདུ་འཛོམས་ཞེས་འབོད་ཀྱང་། ཕྱིས་སུ་ཕྱི་ལོ་༡༩༧༠ ལོར་རྒྱལ་ཁབ་ཀྱི་གསོལ་འདེབས་ཞོགས་ཇའི་འདུ་འཛོམས་ཞེས་མིང་བསྒྱུར་བྱས་ཡོད་པ་ རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

ཡོང་ཁུངས་བོད་ཀྱི་བང་ཆེན།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading