གངས་དཔལ།

ཆར་སྤྲིན་དུམ་བུ་རི་ཤོད་ཉལ་བའི་གཡུ་གཞོང་རྩྭ་ཐང་ཚོར་བའི་འགི།
ས་ཡི་གཞི་ལ་གཞོགས་གཅིག་བརྟེན་ཏེ་འདྲེ་ལོག་འགྱུ་བར་འཆེལ་གླགས་སུ།།
ཆུ་ངོགས་སྐྱེས་པའི་རྩྭ་ལྗང་མེ་ཏོག་སྤུ་ལོང་རྒྱས་ཏེ་གེ་སར་འཛུམ།།
སྒྲོ་ལྡན་ངང་བས་གཡུང་དྲུང་ཕྲེང་བ་ཤང་ཤང་དལ་འགྲོར་བྲིས་པ་རུ།།
ཆུ་བྱ་སྐེ་རིང་དངངས་ལ་ཞེད་ཅིང་གེལ་བའི་མགྲིན་པ་སྐྱོགས་ནས་བལྟ།།

སྲིད་པ་གངས་ཀྱི་རལ་བར་སླས་པའི་མདོ་ལ་རིང་མོའི་སྒང་ཟུར་ན།།
མཁའ་གླང་དཀར་བོང་དྲན་པ་སྟོར་ཏེ་ཞོ་གསར་ལྟར་ཆགས་མཐེབ་ལུང་སྦྱོར།།
རྟ་བདུན་བདག་པོས་ཚ་ཟེར་ཁྱེར་ཅིང་ཆུ་ལྷའི་ཕང་བར་སྙེག་པ་བཞིན།།
རྡུལ་བརྩེགས་ཕྲག་ཏུ་ངལ་བ་འདུལ་ལྟར་ཤར་རིའི་ཅོ་གནས་འདྲེན་པའི་དུས།།
ཁ་བའི་དཔེར་བྱས་ལུག་ཁྱུའི་ཚོགས་དང་རི་ལུང་ཀུན་ཏུ་ངལ་བ་སྟེར།།

སྨུག་པ་གྱ་གྱུས་རི་བོ་ལྡག་པའི་དཔག་ཚད་བྱེ་བའི་ཁོར་ཡུག་ཏུ།།
རླུང་གིས་ཕུ་བརྒྱབ་དུ་བའི་བརྐྱང་ཟོམ་སྐྱ་ཞད་ཆེ་བའི་མཁའ་ལ་འདྲེས།
གློ་རྡེག་ཕ་གིའི་མེ་ཏོག་ཁུད་དུ་རྟོད་ཐག་དཔྱངས་བའི་རྟ་ཞིག་འཚེར།།
ཏིང་འཛིན་སྒོམ་པའི་དབུགས་ཀྱི་ཚོར་བ་དམིགས་པ་གཅིག་ཏུ་མ་འཁྱོངས་པར།།
སྤྲིན་དང་རི་ཆུའི་ས་མཚམས་རྒྱང་དུ་མཐོང་བྱེད་རྒྱལ་མོའི་གཞུ་བདུངས་འཐེན།།

རྭ་རྨིག་རྣོ་བའི་འབྲི་མོ་རོག་ལང་བེའུ་རྟིང་ངུར་བར་གདང་ཁ་རྐྱོང།།
ཚེར་ལོ་མེ་ཏོག་རལ་བ་བརྫེས་པའི་བྱིང་རྨིག་ནང་དུ་སྦལ་བ་གྲག།།
བྱིས་པ་འགའ་ཡིས་གྲོག་མ་གཅུར་ཅིང་ཐ་ཆུང་འོ་ངུ་ཐན་ཐུན་འགྲོ།།
རོལ་སྒེག་ཉམས་ཀྱིས་སྐེ་རྒྱན་སྐ་རགས་རང་དགར་བཀྲོལ་འདྲའི་སྣང་བ་ནི།།
བསིལ་བསིལ་ཆས་པའི་གནའ་བོའི་རོ་ཅན་རི་གླུ་རྙིང་བ་དེ་ཉིད་གོ།

སྦྲ་རོག་ལོགས་སུ་ཨ་ཅག་སྐོར་ཞིག་ཧ་ཧ་ཧེ་ཧེའི་འབག་འབུག་སྨྲ།།
ས་ཆགས་རིང་དུ་སྐ་རགས་ངུར་སེར་འཕྱོར་ཉམས་ཅན་ཞིག་རྣམ་རིག་འདྲོགས།།
མཛོ་མོ་ཁ་སྐྱས་ཕྱུར་ཁུ་འཐུང་ལ་ཙི་ཙིའི་ཚེགས་ཆོམ་རྩྭི་ཤིང་ཟ།།
ཁུ་བྱུག་གིས་ནི་གླུ་གང་ཁྱེར་ནས་རྒྱང་རིང་ག་ནས་ཡོང་ངམ་ཅི།།
གསེར་སོ་ཅན་གན་ཕྱི་ཆོན་ཁེན་ཅིང་ཉན་སྒུག་བཞིན་གྱི་རྣ་ཆ་འགུལ།།

ཚོར་བའི་སྨུག་ཟམ་གཡེར་བག་ཁ་རུ་རྩྭ་ལྗང་སྤུ་ལོང་གཡོ་ངམ་ཀྱེ།།
མི་བདག་སྙིང་གི་རི་སུལ་འདི་གར་ཏིག་ཏའི་རོ་ཡིས་མངར་བ་སྟེར།།
གཤའ་མའི་མེ་ཏོག་རྩྭ་ལྡུམ་མཁན་པས་དབང་ཆེན་མཚན་མར་ནོམ་ཉུག་བྱེད།།
ཀྱུར་ཀྱུར་སྐད་འབྱིན་འདབས་ཆགས་ཚོགས་ཀྱིས་སུ་ཡི་གོ་སྐབས་འཕྲོག་པ་ལྟའི།།
ཞུམ་བུ་ཁྲ་ཁྲས་ཨ་བྲ་བཟུང་བའི་ན་ཁ་སྤོ་ཐོར་འཚང་ག་རྒྱག།།

ཀྭ་ཡེ་ཁུ་བྱུག་མགྲིན་པའི་ཕུགས་ན་སུ་ཡི་ངག་ཐུན་གླིང་བུ་ཡོད།།
ཤང་ཤང་སྐད་སྙན་གཙང་བའི་འགྲམ་འདིར་ཚིག་གི་ཆར་བ་གཏོར་སྙིང་ཅི།།
ཉི་འོད་ཟེར་མའི་ལ་མོའི་རྒྱབ་ན་ང་ཡི་བྱམས་པ་སྟོན་གྱི་སྤྲིན།།
ཡིད་འོང་སྣ་ཚོགས་གོས་ཀྱིས་བཀབ་སྟེ་ལྡེམ་འགྲོས་རྒྱག་པ་ཨེ་མཐོང་ལགས།།
གནམ་ཆུར་སྒུར་པའི་ཁུག་རྟ་ཆུང་ཆུང་ཁབ་ལྟར་རྣོ་བའི་དྲན་པ་ཡིན།།

གློ་བུར་འབྲུག་སྒྲ་སང་ངེ་བ་དེས་བྲག་ཐེམ་ར་མ་མཆོང་བར་རྩོམ།།
རྒྱུ་སྐར་རྗེས་སུ་རྐང་བ་འཇོག་པའི་ཚ་ཟེར་ཅན་དེ་སྤྲིན་ལ་འཛུལ།།
གློག་དམར་ཆེམ་ཆེམ་མེ་ཏོག་གཙབ་པའི་དྲག་ཆར་རིང་ཞིག་ཀློད་པ་ན།།
བཤུལ་སེལ་བཞིན་གྱི་འཇམ་ཆར་ནང་དུ་རྒན་འཁོགས་མ་ཡིས་ཆ་མ་གསིལ།།
བྱིའུ་མཆིལ་ཚོམས་ཤིག་ཆོན་མགོར་བབས་ཏེ་ཟེར་མ་རླུང་ལ་གཤོག་པ་སྲོ།།

གང་གི་དམག་དཔུང་གདུགས་དཀར་ལྷན་ཅིག་དར་ཤམ་གཡོས་ཏེ་ཡོང་ངམ་ཀྱེ།།
མཛེས་དཔལ་ཁུར་ཆེན་དཔུང་དུ་འཕོས་པས་ཞབས་འོག་ས་འཛིན་ངལ་བ་སྟེར།།
སྤྲིན་སྟུག་རལ་ཁར་ཆར་སིབ་འདལ་ཅིང་ཉི་མ་ལྷང་ལྷང་ག་ཆད་དྲོ།།
སྤང་གཤོང་ནེའུ་གསིང་ཆེ་ལ་ཡངས་ཏུ་རྩྭ་ལྗང་རྩེ་ལ་ཆུ་ཐིགས་འཁྲུངས།།
མགོ་བོ་ཡོན་པའི་མུ་ཏིག་དེ་ག་སུ་དང་གང་གིས་འཕྲོག་གིས་དོགས།།
ཆུ་ཕྲན་བྲུག་པས་གྲོག་མོ་རལ་ཅིང་འདུས་མདོ་དག་ཏུ་ལྟེང་ཀ་འཁྱིལ།།

༢༠༠༩ ༦ ༡༣ཉིན་བྲིས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d