གཟུངས་ཕྱུག་སྐྱིད།

སྨག་གི་ཡོལ་བ་ཞིག་མིག་གི་གདན་ལ་བཏིང་ཞིང་།།
སྐར་མའི་མིག་ཟུང་ལ་སེམས་པའི་གཙང་བོ་བཅུ་དུས།།
གོམ་སྒྲ་ཡང་མོ་ཞིག་མཚན་མོའི་ལྗོངས་སུ་འཁྱིལ་བ།།
རེ་བའི་མིག་མདངས་དེ་བཙལ་བའི་གཏམ་རྒྱུད་ཡིན་ནམ།།

སེམས་འགྱུ་བན་བུན་ཞིག་འཚོ་བའི་ཀློང་ནས་རྙེད་ཀྱང་།།
མིག་གི་ཆུ་རིས་ལ་སྐྱོ་བའི་མདངས་ཤིག་འཁྱིལ་བྱུང་།།
ཤ་རུས་བརྩེ་དུང་ལ་བརྒྱུས་པའི་དུང་སེམས་སྙི་མོ།།
དམར་ཆུང་སེམས་པ་ཡི་གཏིང་ན་དགུ་མདུད་བརྒྱབས་ཡོད།།

སེམས་ཀྱི་ཉི་མ་དེ་ནུབ་རིའི་མཐའ་ན་འཛུམ་ཞིང་།།
མཁའ་ཡི་ཟླ་བ་ཡང་སྤྲིན་གྱི་ཡོལ་བས་བསྒྲིབས་པས།།
མཐའ་མེད་མཁའ་དབྱིངས་སུ་འཐོར་བའི་སྐར་མའི་ཁྱུ་ཚོགས།།
སྨག་གི་དཀྱིལ་དབུས་ནས་འདར་ཚུལ་སུ་ཡིས་རྟོགས་སམ།།

མི་ལོ་བཅུ་གཉིས་ཀྱི་གྱེས་བྲལ་རིང་མོ་བསམ་ན།།
སྙིང་གི་རུས་ཆུང་ལ་གས་ཀ་ཡང་ཡང་ཤོར་ཡང་། །
གཅེས་པའི་བུ་ཆུང་གི་འཛུམ་ཆུང་ལྷུག་ལྷུག་དགོད་དུས།།
འཚོ་ལམ་རིང་མོ་འདིའི་གཤོག་པ་རང་ལ་མ་དབང་།།

ཕ་ཡུལ་གངས་ལྗོངས་ནས་རེ་བཞག་རུམ་གང་ཁྱེར་ཏེ།།
གཞན་ཡུལ་ས་མཐའ་ནས་ལོ་ཟླའི་ཕྲེང་རྡོག་འདྲེན་དུས།།
སྐྱིད་སྡུག་རེས་མོས་ཀྱི་འཚོ་བའི་ཁ་དོག་རེ་ནས།།
ལུས་ཀྱི་རོ་གོག་འདི་སྡུག་ལ་ཡང་ཡང་གཏད་བྱུང་།།

སྲིད་པའི་གངས་རྒན་གྱི་རྩེ་ནས་ཐུར་དུ་ཟགས་ཏེ།།
མཐའ་མེད་རྒྱ་མཚོ་ལ་འདྲེས་པའི་རིགས་རྒྱུད་ཅིག་གི།།
ཕྱོགས་མེད་འགྲུལ་བཞུད་ལ་བྲིས་པའི་བྱུང་བ་རིང་མོར།།
དཀར་ནག་གོ་འབྱེད་ཀྱི་ཟིན་ཐོ་སུ་ཡིས་འགོད་དམ།།

གསལ་བྱེད་སུམ་ཅུ་ཡི་ངག་རྟ་དྲོན་མོ་འདི་ལ།།
སྙིང་གི་འཕག་འཚག་གི་ཚ་དྲོད་ཡང་ཡང་གླན་ཡང་།།
ལོ་དང་བསྐལ་བ་ཡི་མཐའ་ནས་རྒྱང་བསྐོར་བྱེད་དུས།།
ཤི་གསོན་གོ་ནོར་གྱི་ཚད་ཐིགས་སུ་ཡིས་ལེན་ནམ།།

བརྩེ་བའི་ཕ་མ་ནི་གངས་རིའི་ལྗོངས་ན་ལུས་ཡོད།།
འདྲིས་པའི་གྲོགས་པོ་ཡང་ཡུལ་གྱི་མཐའ་ན་ལྷག་ཡོད།།
བརྩེ་མེད་འདྲིས་མེད་ཀྱི་རྒྱང་གི་གླིང་ཕྲན་ཞིག་ལ།།
ལས་ཀྱི་བཀོད་སྒྲིག་གི་རི་མོ་བསྐྱར་ཏུ་བྲིས་སོང་།།

རི་ཆུ་ཐང་གསུམ་གྱི་བར་ཐག་རྒྱང་ནས་བསྐྱུར་ཅིང་།།
འཚོ་བའི་རྨི་ལམ་ཞིག་རིང་ནས་རིང་དུ་བསྲིངས་དུས།།
འགྱུར་མེད་ནང་སེམས་ཀྱི་འཆར་སྣང་ཀྱ་ཀྱུའི་བར་ནས།།
མི་ཚེའི་བདེ་སྡུག་ལ་ཚིག་གི་ཕྲེང་རྒྱན་བསྒྲིགས་ཡོད།།

ལོ་མ་སེར་པོ་ཞིག་རླུང་གིས་རྒྱང་ལ་དེད་ཅང་།།
སྐྱོ་དབྱངས་གཉོམ་པོ་ཞིག་སྙིང་གི་ལྟེབ་ལ་ལྷུང་དུས།།
གནམ་སའི་བར་མཚམས་ན་ལུས་པའི་དྲན་ཤིང་སྐྱུར་མོས།།
འཚོ་བའི་ཤུལ་ལམ་གྱི་ཡིག་ཆུང་སུ་ལ་བྲིས་ཡོད།།

མ་ངེས་སྐྱིད་སྡུག་གི་འཆར་སྣང་རུམ་གང་ཁྱེར་ནས།།
མཁའ་ལམ་རིང་མོ་འདི་ཚོར་བའི་རོལ་ལ་ཁྲིད་དུས།།
བརྩེ་འདང་རི་སུལ་ན་ལུས་པའི་སྨྲེང་བ་ཀྱ་ཀྱུ།།
མིག་གི་དབྱངས་འགྲོས་ལ་བསྟར་བའི་ཕྲེང་རྒྱུན་ཡིན་ནམ།།

༢༠༡༥ ༡ ༢༣

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading