སྐད་ཆ་ཐར་ཐོར་འདི་གཟའ་ཉི་མ་ཁོ་ནར་དྲན་འོང་བ་ཞིག་མིན།

ལྡོང་ཡོན་ཏན་རྒྱ་མཚོ།

       ད་ལྟ་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་ཡས་མས་ཤིག་ལས།  མང་ཤོས་ཀྱིས་སྐྱེ་བ་སྔ་མ་མི་དྲན་མོད་ཁ་ཤས་ཀྱིས་དྲན་ཐུབ་ཀྱིན་ཡོད།  སྐྱེ་བ་སྔ་མ་དྲན་མཁན་ཉུང་ཤས་དེས་སྐྱེ་བ་སྔོན་མ་ཡོད་པའི་བདེན་དཔང་བྱེད་ཐུབ་ལ།  སྐྱེ་བ་སྔོན་མ་མི་དྲན་པའི་མི་ཅི་ཙམ་མང་ཡང་དེས་སྐྱེ་བ་སྔོན་མ་མེད་པའི་བདེན་དཔང་བྱེད་མི་ཐུབ།  རྒྱུ་མཚན།   འཛམ་གླིང་གི་མི་ཕལ་ཆེར་གོ་ལ་གཞན་པའི་སྟེང་འགྲོ་མ་མྱོང་མོད།   ཉུང་ཤས་ཤིག་སོང་མྱོང་བ་དེས་མི་སུ་ཡིན་ཡང་འགྲོ་ཐུབ་པའི་བདེན་དཔང་བྱས་ཡོད་པ་དང་གཅིག་མཚུངས་ཡིན།  དེའི་ཕྱིར།  བདེན་དཔང་ཟེར་བ་དེ་མང་ཉུང་གི་གནད་དོན་ཞིག་མ་རེད།

      ཚན་རིག་པས་དེ་རིང་རེད་དང་མི་འདུག་སོགས་སུ་ཐག་བཅད་ཀྱང་།   སང་ཉིན་མ་རེད་དང་ཡོད་སོགས་སུ་ཁས་ལེན་ཐུབ་པ་འདིས།  ཕྱོགས་གཅིག་ནས་ཁོང་ཚོའི་གུ་ཡངས་པའི་བསམ་བློའི་དགེ་མཚན་ཞིག་མཚོན་གྱིན་ཡོད་ལ།    ཕྱོགས་གཅིག་ནས་ཚན་རིག་པས་བཤད་ཚད་བདེན་པ་མིན་པའི་གསལ་བཤད་ཀྱང་གནང་གིན་ཡོད།

        ང་ཚོར་ཕྱིའི་དཔལ་འབྱོར་འཕེལ་རྒྱས་དགོས་པ་ཇི་བཞིན་ནང་བསམ་བློའི་ཁྱད་ནོར་ཀྱང་མེད་ཐབས་མེད།  དཔེར་ན།   གཤོག་ཡས་ཆད་པའི་ཁྱུང་ཆེན་གྱིས་གནམ་འཕང་གཅོད་མི་ཐུབ་པ་འདི་དཔེ་མཚོན་ཡག་ཤོས་ཤིག་རེད།

        ད་སྔ་ཚན་རིག་པ་སུ་ཞིག་གིས་ཀྱང་། ཐ་ན་ཕྱི་དངོས་པོའི་གནས་ལུགས་ཡོད་ཚད་ངས་ཤེས་ཚར་རོ་ཞེས་བཤད་མ་མྱོང་མོད། སྟོན་པ་ཤཱཀྱ་ཐུབ་པས། ང་ནི་སངས་རྒྱས་སོ།།ང་ནི་ཐམས་ཅད་མཁྱེན་པའོ་ཞེས་ཞལ་གྱིས་བཞེས་ཤིང་ཀུན་ལ་བསྒྲགས། འདི་ལ་ཆོས་མཐུན་གྱི་རྒོལ་བ་འཇུག་གམ་མི་འཇུག་དཔྱད་དགོས། གལ་ཏེ་མི་འཇུག་ན་དེས་ཅི་ཞིག་གསལ་བཤད་བྱས་འདུག་ཚུལ་ལའང་བསམ་དགོས།

        བྱ་བཞག་ལ་ལ་ཞིག་ཅི་ཙམ་ཡར་རྒྱས་སོང་ན་དེ་ཙམ་གྱིས་ཉེན་ཁ་དང་གནོད་ཚབ་ཇེ་ཆེར་འགྲོ་ལ།   འགའ་རེ་དེ་ལས་ལྡོག་སྟེ་ཞི་འཇགས་དང་བདེ་སྐྱིད་སྩོལ་འོང་། དེའི་ཕྱིར། ང་ཚོས་འགྲོ་བ་མི་ཁོ་ནར་བདོག་པའི་རྣམ་དཔྱོད་འདི་བཀོལ་ཏེ་འདམ་ག་མ་ནོར་བ་བྱེད་གལ་ཆེ་ཨང་།

         ད་ལྟ་ང་ཚོས་བརྗོད་བཞིན་པའི་ཚན་རིག་དང་ནང་ཆོས་གཉིས་ནི་ཤར་ནུབ་ཀྱི་བདེན་དོན་འཚོལ་བྱེད་ཀྱི་རིགས་ལམ་ཡག་ཤོས་གཉིས་རེད། དེ་གཉིས་རང་ས་ནས་ཀྱང་རང་རྐྱ་ཐུབ་པར་མདུན་བསྐྱོད་བྱེད་ཐུབ་མོད།  ཕན་ཚུན་མཚུངས་བསྡུར་དང་རྒྱུས་ལོན་བྱས་ན་དེ་ལས་ཀྱང་དགེ་མཚན་ཆེ་བའི་རམ་འདེགས་དང་ཁྱད་ཆོས་ངོམ་ཐུབ།  ཁྱད་པར་དུ་མིའི་རིགས་ལ་སྔར་མེད་ཀྱི་ངེས་ཤེས་དང་ཕན་བདེ་བསྐྲུན་ཐུབ།

         ནང་བས་འདོད་པའི་རྣམ་ཤེས་དང་བག་ཆགས་སོགས་ལ་ཚན་རིག་པས་མཐའ་གཅིག་ཏུ་མགོ་ལྕོག་མ་ལྡེམ་ཡང་།  མེད་དང་མི་བདེན་ཞེས་དགག་པ་རྒྱག་མ་མྱོང་། འདིས་ཁོ་ཚོར་སྤྱང་གྲུང་འཛོམས་པ་ཤེས་ཐུབ་ལ། མངོན་སུམ་ལ་བསྙོན་འདིང་བའི་སྙིང་སྟོབས་མེད་པའང་མཚོན་ཡོད།

༢༠༡༤/༡༡/༢/ གཟའ་ཉི་མའི་ངལ་གསོར་བྲིས།

ཡོང་ཁུངས་དྲ་གནས་གཞན།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading