ཚེ་རིང་དོན་གྲུབ། ༼ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་དགེ་རྒན།༽

༼བསྡུས་དོན།༽      རྩོམ་འདིར་སྤྱི་ཚོགས་རིག་བ་དང་ཁྲིམས་ལུགས་རིགས་བ་སོགས་ཀྱི་ཆ་ནས་འབྱོར་བ་དང་འབྲེལ་བའི་དོན་གྱི་གནད་འགའ་ལ་ཞིབ་དཔྱོད་བྱས་ཡོད།

གནད་ཚིག      འབྱོར་བ། རྒྱལ་ཁབ། རིག་གནས། དཔལ་འབྱོར།
ཐ་སྙད་ཀྱི་གོ་དོན།  འབྱོར་བ་ཞེས་བ་ནི་བཙལ་ཏེ་ལག་ཏུ་འབྱོར་བའི་དོན་དེ། ངལ་རྩོལ་ལམ་ལས་ཀ་གང་རུང་བརྒྱུད་དེ་ཐོབ་པའི་འཚོ་རྟེན་དངོས་པོའི་མིང་ལ་ཟེར་སྙམ།བོད་ཀྱི་བཤད་ལུགས་ལ་རྙེད་བ་བཙལ་བ་དང་། ལག་ཏུ་འབྱོར་བའི་དངོས་པོར་རྙེད་པ་ཞེས་འབོད་ཅིང་། བོད་མའི་འཚོ་རྟེན་གཙོ་བོར་གྱུར་བའི་ཕྱུགས་ཟོག་གི་རིན་ཐང་གིས་ཚད་བཟུང་བས་རིམ་གྱིས་འབྱོར་བ་དང་མིའི་སྤྱོད་བྱར་གྱུར་བའི་དངོས་པོར་རྒྱུ་ནོར་དང་ནོར་དུ་འབོད་བའི་གོམས་གཤིས་ཆགས།

འབྱོར་བ་དང་དངོས་པོའི་རིན་ཐང་དེ་ཡང་རྙེད་པ་བཙལ་བར་བཏང་བའི་ལས་ཀའི་དཀའ་སླ་མང་ཉུང་གིས་འཇོག་བ་ཡིན་ལ། རྩ་ཆེ་ཆུང་ཡང་རྙེད་དཀའ་སླའམ་རྙེད་པ་བཙལ་བར་རྩོལ་བ་བྱས་པའི་ཁྱད་པར་གྱིས་ཕྱེས་པ་ཡིན།


འབྱོར་བ་དང་རྒྱལ་ཁབ།༼སྲིད་གཞུང་།༽

         འགྲོ་བ་མིའི་རིགས་ཆགས་ནས་ཡུན་རིང་བོའི་བར་རང་བྱུང་གི་དངོས་པོར་སྤྱི་མཐུན་དུ་ལོངས་སྤྱོད་པ་དེ་ལ་རང་རེས་རྫོགས་ལྡན་གྱི་དུས་སམ་གདོད་མའི་གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་ཞེས་བསྔགས་ཤིང་འབོད་པ་དང་། དུས་ཡུན་རིང་བོ་སོང་བའི་རྗེས་ནས། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན།། དེ་ནས་རིམ་གྱིས་རོ་ལ་ཆགས།། ལེ་ལོ་གསོག་འཇོག་བྱས་ནས་ནི།། འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བསྟབས། ཞེས་གསུངས་པ་བཞིན་སྤྱི་ལ་དབང་བའི་ཟས་ནོར་རྣམས་དབང་ཤེད་ལྟར་སྒེར་འཛིན་བྱས་པ་ལ་བརྟེན་འཕྲོག་རྩོད་དང་འཐབ་མོ་བྱས་ནས་བདེ་བའི་གོ་སྐབས་མ་བྱུང་བའི་སྒང་ལ།  མང་མང་གིས་བརྩི་ཤིང་ཁས་ལེན་པ་ཞིག་འགལ་བ་འདུམ་པར་འདམས་ཤིང་བསྐོས་པ་དེས།ཐད་ཀར་ངལ་རྩོལ་བྱས་ཏེ་འབྱོར་བ་དོན་དུ་གཉེར་ཐབས་དཀའ་བས། མཛངས་ཤིང་ཕན་པར་དགའ་བའི་མི་ཞིག་གིས།། ཆ་མཉམ་ཞིང་བགོས་རང་གི་སྐལ་བ་ཆད།། ཀུན་གྱིས་ཅུང་ཟད་ཙམ་རེ་བྱིན་པ་ཡིས།། སྐལ་བ་ཤིན་ཏུ་རྒྱས་ཕྱིར་རྒྱལ་བོར་ཐོགས།།  ཞེས་པ་ལྟར་སྤྱི་ཚོགས་ཁོངས་མི་སོ་སོས་ནོར་སྐལ་རེ་སྤྲད་པ་ལ་རྒྱལ་བོ་དང་ཁྲིམས་ཀྱི་ཐོག་མ་བྱུང་བར་གྲགས།  མི་གཅིག་ ༼རྒྱལ་བོ༽ གིས་སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་སྙོམས་སྒྲིག་དང་གཅུན་མ་ནུས་པར་བློ་གྲོས་ཅན་དང་རྟུལ་ཕོད་ཅན་གང་མང་བསྡུ་རུབ་ཀྱིས་རྒྱལ་བོའི་རྒྱབ་དཔུང་བཙན་ནས་བཙན་དུ་བཏང་བ་ལ། བློན་པོ་དམག་དཔུང་སོགས་རྒྱལ་བོའི་ཁབ་བམ་ཁྱིམ་གྱི་མི་འབོར་དང་འགྲོ་གྲོན་ཇེ་མང་སོང་བར་བརྟེན་ཁྲལ་ཡང་ཇེ་མང་ཇེ་ལྕི་རུ་སོང་བར་མངོན།  དེ་ལ་རྒྱལ་བོའི་བཀའ་མི་འཁུར་མཁན་ནམ།  ཁྲལ་མི་སྤྲོད་མཁན་དག་མུན་ཁང་དུ་འཇུག་པའམ་དྲག་པོའི་སྦྱོར་བས་ཆད་པ་གཅོད་པ་སོགས་ད་ལྟའི་སྲིད་གཞུང་གི་བྱེད་ལས་ཅན་ནམ་དེ་དང་འདྲ་བར་ནུས་པ་བཏོན་པ་ཡིན།  སྤྱི་ཚོགས་ལོ་རྒྱུས་ཀྱི་འཕེལ་རྒྱས་དང་བསྟུན། དང་ཐོག་མང་བོས་བཀུར་བའི་སྐྱེ་བོ་དེར་སྤྱི་ཚོགས་ཁོངས་མི་སོ་སོས་ནོར་སྐལ་ལམ་ཁྲལ་སྤྲད་དེ་སྤྱི་ཚིས་སམ་ཐུན་མོང་གི་ཁེ་ཕན་སྒྲུབ་ཏུ་བཅུག་པ་དེ།  རིམ་གྱིས་མགོ་མཇུག་ལྡོག་པ་ལྟར་མང་མང་གི་གཉའ་བ་ནས་གནོན་པ་དང་བཤུ་བཞོག་བྱེད་མཁན་གྱི་གྲལ་རིམ་ཡ་ང་བ་ཞིག་ཆགས་པ་ཡིན་ཞིང་།  དེ་སླར་ཡང་དང་ཐོག་གི་རྣམ་པར་བརྩོན་ལེན་བྱེད་པ་དེ།  ༼སྲིད་གཞུང་ནི་ཁྲལ་འཇལ་མཁན་དང་དམངས་ཡོངས་ཀྱི་སྤྱི་ཚིས་སམ་ཐུན་མོང་གི་ལས་དོན་སྐྱོང་བའི་རྩ་འཛུགས་ལྡན་པའི་གླ་བའམ་ཞབས་འདེགས་མཁན་དུ་འགྱུར་བ།༽ དམངས་གཙོ་མཐར་ཐུག་གི་དམིགས་ཡུལ་ཡིན་པ་དང།  ཙུང་ལི་བུན་ཅ་པོ་མཆོག་གིས་ཀྱང་སྲིད་གཞུང་གི་ངོ་བོ་ནི་འོས་འགན་དང་ཞབས་འདེགས་ཡིན་པ་ལས་དབང་ཆ་མིན་ཞེས་ཁོང་ཙུང་ལིར་འདམས་ཐོན་བྱུང་མ་ཐག་ཏུ་གསར་འགོད་པའི་བཅར་འདྲི་ཚོགས་ཐོག་ནས་གསུངས་པ་དོན་ལ་གནས་སོ།།


འབྱོར་བ་དང་རིག་གནས།

     སྤྱིར་དེང་སང་གི་གོ་རིག་ལྟར་ན།  རིག་གནས་ཞེས་པས་མིའི་རིགས་ཀྱི་བསམ་སྦྱོར་ཐམས་ཅད་ཟིན་ཡོད་ནའང་། འདིར་རིག་གནས་ཞེས་པ་ནི་འཚོ་རྟེན་དངོས་པོའམ་འབྱོརབ་འཚོལ་བྱེད་ཀྱི་ཐབས་རྩལ་དང་། དེའི་གནས་ལུགས་སྟོན་པའི་རིག་པ་ཞིག་ཡིན་པར་སྙམ་པ་དང་།  སྲོལ་རྒྱུན་རིག་གནས་ནི་མེས་པོ་རྣམས་ཀྱིས་དངོས་པོའི་ཐོན་སྐྱེད་བྱས་པའི་ཉམས་མྱོང་ཡིན་པས། ནང་དོན་ཀྱང་ཧ་ལམ་རིག་གནས་དེ་བྱུང་ཞིང་འཕེལ་བའི་དུས་རབས་ཀྱི་འབྱོར་་བ་མཚོན་ཞིང་། ཕྱི་རབས་པས་སྲོལ་རྒྱུན་གྱི་རིག་གནས་སློབ་པ་ཡང་མེས་པོ་རྣམས་ཀྱི་ཐོན་སྐྱེད་ཉམས་མྱོང་བསླབས་ཏེ་རང་ཉིད་ཀྱི་འཚོ་གནས་དང་རང་ཉིད་ཀྱི་ཐོན་སྐྱེད་ལ་ཞབས་འདེགས་ཞུ་ཕྱིར་ཡིན།  དེ་ལ་ཇི་ལྟར་གཏིང་ཟབ་པ་དང་ཇི་ལྟར་གནས་ལུགས་ཡོད་ཅེས་ཟེར་བའི་རིག་གནས་ཀྱིས་དངོས་བོའི་ཁེ་ཕན་དང་འཚོ་གནས་ཀྱི་དགོས་མཁོ་སྐོང་མ་ཐུབ་ཚེ་རིག་གནས་དེ་དང་དེའི་བརྡ་ཐབས་སྐད་དང་ཡི་གེ་ཡང་ཁེ་ཕན་དོན་དུ་གཉེར་བའི་མི་རྣམས་ཀྱིས་སྣང་མེད་དུ་འཇོག་པ་དཔེར་ན་དེང་དུས་ཀྱི་བོད་སྐད་བོད་ཡིག་ནང་བཞིན་ནོ།།   གལ་སྲིད་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་ལྷག་བསམ་ཡོད་ན་དེ་རང་རྐྱ་ཕེར་བ་ཞིག་གིས་མི་ཡོང་ཞིང་།   སྔར་ཡོད་རྨང་གཞིའི་སྟེང་འབྱོར་བ་དང་དངོས་པོའི་ཁེ་ཕན་གཉེར་ཐབས་དང་དེའི་ཕྱོགས་ཀྱི་གནས་ལུགས་སྟོན་པའི་རིག་པ་རྒྱས་པར་སྤེལ་ན་ད་གཟོད་མི་རིགས་གང་ཡིན་གྱི་རིག་གནས་དར་ཐུབ་པར་སྙམ།


འབྱོར་བ་དང་སློབ་གསོ།

    གནའ་དེང་གང་དུའང་མིའི་རིགས་ཀྱི་སྤྱི་ཚོགས་གང་དུ་མཆིས་པ་དེར་སློབ་གསོ་དར་ཡོད་ལ།  སློབ་གསོའི་དམིགས་ཡུལ་ཆེས་གཙོ་བོ་ནི་མི་རྣམས་ཀྱིས་དངོས་བོ་བགོ་བཤའ་བརྩོན་ལེན་བྱེད་པའི་ནུས་རྩལ་སྦྱོང་བ་ཞིག་ཡིན་ལ།  སུ་དང་གང་ཞིག་ལ་སློབ་གསོ་ལེགས་པོ་ཞིག་ཐོབ་པ་དང་སློབ་གསོ་མྱོང་བའི་གོ་སྐབས་བཟང་བོ་ཞིག་ཐོབ་ཚེ་དེ་དང་དེའི་རྙེད་པ་བཙལ་བའི་འཇོན་ནུས་ཇེ་ཆེར་སོང་སྟེ་འཚོ་གནས་བྱེད་པར་ཁག་ཐེག་ཐོབ་པ་ཡིན།  གལ་སྲིད་སུ་ཞིག་ལ་སློབ་གསོ་གང་ལེགས་མ་ཐོབ་པའམ་རྙེད་པ་བཙལ་བའི་འཇོན་ཐང་སྦྱོང་བའི་གོ་སྐབས་མ་བྱང་ཚེ་དེའི་འཚོ་གནས་ལ་ཡང་ཁག་ཐེག་ཕྲ་བར་འགྱུར་བ་ཆོས་ཉིད་ཡིན།


འབྱོར་བ་དང་བགོ་བཤའི་ལམ་ལུགས།

   བགོ་བཤའི་ལམ་ལུགས་ཟེར་བ་ནི།  ས་ཁོངས་གཅིག་གམ་སྤྱི་ཚོགས་གཅིག་ནས་མི་རྣམས་ལ་འཚོ་རྟེན་དུ་འགྱུར་བའི་འབྱོར་བའམ་དངོས་པོའི་སྐལ་ཇི་ལྟར་བགོ་བ་དང་།  ཇི་ལྟར་ཐུན་མོང་ལ་དབང་བའི་དངོས་པོ་རྣམས་བགོ་བཤའ་རྒྱག་པའི་ལམ་ལུགས་ལ་ཟེར་བ་ཡིན།  དེར་མཁས་བ་ཞིག་གིས།  སྤྱི་ཚོགས་སྔོན་ཐོན་ཡིན་མིན་གྱི་ཚད་འཛིན་བྱེད་ནི་ལོངས་སྤྱོད་རྒྱས་མིན་དང་རིག་གནས་དར་མིན་གྱིས་མི་བྱེད་པར།  ལམ་ལུགས་སྔོན་ཐོན་ཡིན་མིན་གྱིས་འཇོག་དགོས་ལ།  ལམ་ལུགས་གང་ཞིག་སྔོན་ཐོན་ཡིན་ན་དེས་སྤྱི་ཚོགས་ཁོངས་མི་སོ་སོར་འདྲ་མཉམ་གྱི་དངོས་པོའི་བག་བཤའ་རྒྱག་པ་དེ་ཡིན་ནོ་ཞེས་གསུངས།


འབྱོར་བ་དང་འདྲ་མཉམ།

     སྤྱི་དམངས་སུ་ཡིན་ཡང་ཁྲིམས་ཀྱི་ངོས་ནས་ཁེ་དབང་འདྲ་མཉམ་ཡིན། འདྲ་མཉམ་ལ་འགོ་ཚུགས་ས་འདྲ་མཉམ་དང་། བརྒྱུད་རིམ་འདྲ་མཉམ།མཇུག་འབྲས་འདྲ་མཉམ་གསུམ་དུ་དབྱེ་ཞིང་།  འགོ་ཚུགས་ས་དང་བརྒྱུད་རིམ་འདྲ་མཉམ་མ་བྱུང་ཚེ་མཇུག་འབྲས་འདྲ་མཉམ་ཟེར་བ་དེ་ཁ་གཡང་ཙམ་དུ་ཟད་ཅིང་།  ཁེ་དབང་འདྲ་མཉམ་དེ་ཕར་དེད་ན་དངོས་པོའི་བགོ་བཤའ་འདྲ་མཉམ་ཡོང་རྒྱུ་དེར་ཐུག་ཡོད་ཅིང་།  དངོས་པོའི་བགོ་བཤའ་འདྲ་མཉམ་ཡོང་དགོས་ཕྱིན་ངེས་པར་དུ་སློབ་གསོ་འདྲ་མཉམ་ཡོང་དགོས།  དེར་ཡང་མཁས་པ་ཞིག་གིས།  སློབ་གསོ་འདྲ་མཉམ་ནི་འདྲ་མཉམ་གཞན་དག་མངོན་འགྱུར་ཡོང་བའི་རླབས་ཆེ་བའི་ལག་ཆ་ཉག་གཅིག་ཡིན་ཞེས་གསུངས་པ་དང་།  རྒྱལ་ཁབ་སོ་སོས་ཀྱང་ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་ ༼སྲིད་གཞུང་གི་འོས་འགན།༽  དར་སྤེལ་བཏང་ནས་འདྲ་མཉམ་གྱི་འགོ་ཚུགས་ས་སློབ་གསོ་འདྲ་མཉམ་ཡོང་བར་བྱེད་བཞིན་ཡོད།  ད་ལྟ་རྒྱལ་ཁོངས་གཅིག་གི་ནང་དུ་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་དང་འབྱོར་བའི་ཚད་འདྲ་མཉམ་མ་ཡོང་བ་ནི་སྔར་སློབ་གསོ་འདྲ་མཉམ་མ་ཐོབ་པས་ལེན་པ་དང་།  ད་ལྟ་སློབ་གསོ་འདྲ་མཉམ་མ་ཐོབ་ཚེ་མ་འོངས་བར་ཡང་སྤྱི་ཚོགས་ཀྱི་ཐོབ་ཐང་གང་ཡིན་གྱི་ཆ་ནས་འདྲ་མཉམ་མི་ཡོང་བ་ཆོས་ཉིད་ཡིན་ལ།      དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཞེས་རིན་ཐང་ཅན་ཞིག་ཏུ་བརྩི་བ་ཡང་མདོར་དྲིལ་ན་ལམ་ལུགས་ངོས་གཙང་ལུགས་མཐུན་ཞིག་གི་ཆ་ནས་དངོས་པོའི་བགོ་བཤའ་འདྲ་མཉམ་གྱིས་མི་རྣམས་ཀྱི་ཁེ་དབང་དང་འཚོ་གནས་ལ་ཁག་ཐེག་གཏོང་བའི་བླ་མེད་ཀྱི་བསམ་བློ་ཞིག་ཡིན་པ་དང་།  རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དེད་དཔོན་ཏིང་ཞོ་ཕིང་མཆོག་གིས་གནད་དེར་དམིགས་ནས་མ་འོངས་པར་ཐུན་མོང་འབྱོར་ཕྱུག་གི་ལམ་ལ་ཐེག་དགོས་པར་གསུངས་པ་ཡིན།


འབྱོར་བ་དང་དཔལ་འབྱོར།

   འཇིག་རྟེན་གྲགས་ཚོད་ལ་འབྱོར་བ་དང་དཔལ་འབྱོར་ཞེས་པའི་ཐ་སྙད་གཉིས་གོ་རིག་གཅིག་ཏུ་སོང་ཡང་།  འདིར་འབྱོར་བ་རྒྱས་པ་དང་དཔལ་འབྱོར་རྒྱས་པ་རྩ་བ་ནས་མི་འདྲ་བར་འདོད།  རང་གི་ལུས་སེམས་ཀྱི་ཤུགས་དང་བློ་གྲོས་ལས་བྱུང་བའི་དངོས་པོའི་ཐོན་སྐྱེད་གཙོ་བོར་བྱས་ཏེ་གཞན་དག་གི་ཚོང་ཟོག་འོས་མཐུན་གྱིས་འཛད་སྤྱོད་བྱེད་པའི་ལོངས་སྤྱོད་རྒྱས་ན་དེར་དཔལ་འབྱོར་རྒྱས་ཟེར་བའི་མིང་གིས་འབོད་ཆོག་ལ།  རང་ཉིད་ཀྱི་ལུས་ཤུགས་ཕུད་པའི་གླ་ཆ་ཙམ་ལ་བརྟེན་ནས་གཞན་གྱི་ཐོན་སྐྱེད་བྱས་པའི་དངོས་པོར་ལོངས་སྤྱོད་པ་ཇི་ལྟར་ཛ་དྲག་ནའང་དེ་ལ་འབྱོར་བ་རྒྱས་པ་ཙམ་ཟེར་བ་ལས་དཔལ་འབྱོར་རྒྱས་ཞེས་པའི་མིང་མི་ཐོགས།  རྒྱུ་མཚན་ནི་མི་རིགས་ཤིག་གམ་ཚོགས་པ་གང་ཞིག་ཡིན་ཡང་རང་ཉིད་ཀྱི་ལུས་ཤུགས་ཀླད་ཤུགས་ལ་བརྟེན་ནས་བྱུང་བའི་དངོས་པོའི་སྟོབས་རྒྱས་ན་ད་གཟོད་ནམ་ཡིན་ཡང་རང་ཚུགས་ཐུབ་ཅིང་དར་བ་དང་།  དེ་མིན་གཞན་གྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་དངོས་པོའི་བྲན་ནམ་འཛད་སྤྱོད་མཁན་ཁོ་ནར་གྱུར་ན་ནི་གཞན་དག་མ་ཟད།  སྐད་བརྡ་དང་བཅས་པ་གཞན་དབང་དང་གཞན་གྱི་གསོས་སུ་འགྱུར་འགྲོ་བས།  བཀྲ་ཤིས་པ་དང་རིག་པའི་དོན་དུ་གོ་བས་དཔལ་དང་འབྱོར་བའི་བདག་ཉིད་དཔལ་འབྱོར་རྒྱས་ན་ད་གཟོད་རང་ཉིད་ཉམས་དམས་སུ་མི་འགྲོའོ།།


འབྱོར་བ་དང་ལམ་ལུགས།

      དངོས་པོའི་དཔལ་ཡོན་དང་། བསམ་པའི་དཔལ་ཡོན། ལམ་ལུགས་དཔལ་ཡོན་ཞེས་འཛམ་གླིང་ཀུན་ཏུ་རླུང་ལྟར་གྲགས་པའི་དཔལ་ཡོན་གསུམ་གྱི་གཞི་རྩ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར་བའི་དངོས་པོའི་དཔལ་ཡོན་ཉིད་ཡིན་ཞིང་། དེ་ནི་དངོས་པོའམ་འབྱོར་བ་ཇི་ལྟར་རྒྱས་ཐབས་དང་ཇི་ལྟར་བརྩོན་ལེན་བྱེད་པའི་ཤེས་རིག་གི་བདག་ཉིད་ཅིག་ཏུ་ངེས་འཛིན་པ་དང་།  བསམ་པའི་དཔལ་ཡོན་ནི་ནང་བསམ་པའི་བཟང་ངན་དང་ཀུན་སྦྱོད་ཀྱི་ཆ་ཀུན་དེ་དང་གཞན་ཕན་བདེའི་འབྱུང་ཁུངས།  ཁྱད་པར་དུ་དངོས་པོ་དང་བསམ་པའི་དཔལ་ཡོན་གཉིས་བཅིངས་གྲོལ་དགོས་ན་ངེས་པར་དུ་འདྲ་མཉམ་ལུགས་མཐུན་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་ལམ་ལུགས་ཤིག་གི་ངོས།  སྤྱི་དམངས་སུ་ཡིན་གྱི་ཁེ་དབང་ལ་སྲུང་སྐྱོབ་དང་བགོ་བཤའ་ཡང་དག་རྨ་མེད་ཅིག་བྱུང་ན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཀྱང་དར་སྤེལ་དང་ཁག་ཐེག་ཐུབ་པ་དང་། དངོས་པོའི་དཔལ་ཡོན་དང་ལམ་ལུགས་དཔལ་ཡོན་གཉིས་ཀྱི་མཐའ་མཇུག་གི་དམིགས་ཡུལ་ཀྱང་དངོས་པོའི་ལོངས་སྤྱོད་འདྲ་མཉམ་ལ་ཁག་ཐེག་བྱེད་པ་ཡིན་ཞིང་།  དངོས་པོའི་ལོངས་སྤྱོད་འདྲ་མཉམ་བྱུང་ཚེ་ད་གཟོད་སྤྱི་ཚོགས་ཞི་འཇམ་དང་བདེ་ཐང་དུ་འགྱུར་བར་ཐེ་ཚོམ་མེད།  རང་རེར་མཚོན་ན།  འདྲ་མཉམ་དེ་ལམ་ལུགས་ཡང་དག་ཅིག་གི་ངོས་ནས་ཇི་ལྟར་བརྩོན་ལེན་བྱ་ཞེ་ན།  སྤྱིར་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག་དང་རྩ་ཁྲིམས་གོ་ས་འདྲ་མཚུངས་ཡིན་པ་དང་།  རྩ་ཁྲིམས་ནི་མི་དམངས་ཀྱི་འདོད་བློ་རྒྱལ་ཁབ་ཀྱི་འདོད་བློར་བསྒྱུར་བ་ཞིག་དང་། རང་སྐྱོང་སྲོལ་ཡིག་ཀྱང་མི་རིགས་གང་གི་མཚན་ནས་དྲངས་པའི་རང་སྐྱོང་ཁུལ་དེའི་སྤྱི་དམངས་ཀྱི་འདོད་བློ་རྨ་མེད་མཚོན་པ་ཞིག་ཡིན་དགོས་པས།  རང་སྐྱོང་སྲོལ་ཡིག་གི་ནང་དོན་ལེགས་བཅོས་དང་འཐུས་ཚང་དུ་གཏོང་སྟེ་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁྲིར་དང་ལེན་མི་བྱེད་ས་མེད་པའི་ལམ་ལུགས་ཤིག་ཏུ་གཏོང་དགོས་པ་ཡིན་ཞིང་།  ཁྲིམས་སྲོལ་མཚན་ཉིད་པ་ཞིག་ཡིན་ཕྱིན།  བྱ་སྤྱོད་ཀྱི་སྤུས་ཚད་གཏན་ལ་ཕབ་ཐོག  དཔེ་ཚད་དེ་དང་འགལ་ན་ཉེས་པའི་ཆད་པ་བཅད་དེ། འགན་འཁྲི་འབབ་སའི་སྐྱེ་བོ་གང་ཡང་རུང་བའི་ཁེ་ཕན་ལ་ཐེ་གཏོགས་ཀྱིས།  ཁྲིམས་སྲོལ་གྱི་སྲོག་དབུགས་དབྱུང་བ་ནི་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་དང་གཏན་ཚིགས་ཡིན་ལ།  གལ་སྲིད་དེར་ཆད་པ་དང་བྲལ་ཚེ་སྲོག་དང་བྲལ་བའི་བེམ་པོ་ལྟར་གོ་མི་ཆོད་ཅིང་གཡང་འབོད་ལྟ་བུར་འགྱུར་རོ།།


འབྱོར་བ་དང་བོད་མི་རིགས།

     རང་རྐྱ་ཕེར་བའི་སྐད་དང་ཡི་གེ་ཡོད་པ་ནི་མི་རིགས་ཤིག་གི་རྟགས་མཚན་ཡིན་པ་དང་། དེས་མི་རིགས་གང་བྱུང་བ་དེའི་དཔལ་འབྱོར་གྱི་བརྡ་ཐབས་བྱས་པ་ཡིན་ཞིང་།  མི་རིགས་ཀྱི་དགེ་མཚན་ལྡན་པའི་དཔལ་འབྱོར་ཉག་ཕྲ་བར་གྱུར་ཚེ་དེའི་བརྡ་ཐབས་སྐད་ཡིག་ཀྱང་ཉམས་དམས་སུ་སོང་སྟེ་མཐར་དེ་དང་དེའི་མཚོན་པའི་སྲོལ་རྒྱུན་རིག་གནས་ཟེར་བ་ཡང་ཀུན་ནས་ཉམས་དམས་སུ་འགྲོ་བ་གོར་མ་ཆག  དེས་ན་མི་རིགས་གནས་པ་དང་དེའི་ཕུལ་དུ་བྱུང་བའི་རིག་གནས་རྣམས་རྒྱུན་འཛིན་དར་སྤེལ་གཏོང་དགོས་ན།  རྩ་བ་ནི་མི་རིགས་ཀྱི་བློ་གྲོས་རྩལ་ལས་ཐོན་པའི་དཔལ་འབྱོར་ཡིན།
མཚོ་བོད་མཐོ་སྒང་དུ་གཞིས་ཆགས་ཤིང་གདོད་མའི་རོང་འབྲོག་གི་ལས་ཀས་འཚོ་བའི་བོད་མི་རིགས་ལ་མཚོན་ན།  གློག་ལྟར་མྱུར་ཞིང་མཚོ་ལྟར་བརྡོལ་བའི་དེང་རབས་ཚོང་རའི་དཔལ་འབྱོར་གྱི་ཁྲོད་ནས་མུ་མཐུད་དུ་མི་རིགས་ཟོ་མདངས་མ་ཉམས་པར་ཡུན་ནས་ཡུན་དུ་དར་དགོས་ཚེ།  ངེས་པར་དུ་རང་གི་དམིགས་བསལ་ཅན་ནམ་དགེ་མཚན་ལྡན་པའི་དཔལ་འབྱོར་གྱི་མ་ལག་ཅིག་གྲུབ་སྟེ་འཚོ་བར་བྱ་བ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན།  དེ་ཡང་བོད་ཀྱི་སྲོལ་རྒྱུན་རིགས་གནས་ཀྱི་དགེ་མཚན་བརྗོད་པའི་དུས་སུ།  གཞན་རྗེས་སུ་འཛིན་པའི་རིག་གནས་ལ་གཉིས་ཞེས་གསོ་བ་རིག་པ་དང་བཟོ་གཉིས་ཁ་ཐོག་ཏུ་འདྲེན་ཞིང་།  དོན་ལ་ཡང་གནས་པ་ཡིན་ཏེ།  ཁྱད་པར་དུ་ལོ་རྒྱུས་ཡུན་རིང་ཞིང་ཚན་རིག་གི་མ་ལག་རྨད་དུ་བྱུང་བའི་བོད་ཀྱི་གསོ་བ་རིག་པའི་དགེ་མཚན་དེ་ད་ལྟ་འཛམ་གླིང་ཡུལ་གྲུ་ཀུན་ལ་གྲགས་ཆེ་ཞིང་། ཀུན་གྱིས་ཡིད་ཆེས་བྱེད་པ་དང་།  སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་མ་ཟིན་པའི་སྐྱེ་བོ་སུ་ཡང་མེད་པས་ཁྲོམ་ར་ཆེས་ཤིན་ཏུ་ཆེ་བ་དང་།  བོད་རང་ཉིད་ནི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་ཉམས་མྱོང་གི་བདག་པོ་ཡིན་པས།  གསོ་རིག་གི་ཡོན་ཏན་མ་ལུས་སྔོག་བཤེར་དང་།  དེར་ཁྲིམས་བཞིན་བདག་དབང་གང་ལེགས་བརྒྱབ་སྟེ་ཐོན་ལས་ཅན་དུ་བསྒྱུར་བ་ནི་རང་རེའི་མི་རིགས་ཀྱི་དགེ་མཚན་ལྡན་པའི་དཔལ་འབྱོར་གྱི་སྲོག་ཤིང་དུ་འགྱུར་བར་གདོན་མི་ཟ་བ་དང་།  དེའི་སྣེ་ཁྲིད་ན་ཁེ་ཕན་དོན་དུ་གཉེར་བའི་མི་རྣམས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་སོགས་ཀྱང་ངང་ངམ་ཤུགས་ཀྱི་ལྷོད་པ་དང་དར་སྤེལ་གཏོང་བ་ཡིན།  ང་ཚོའི་གསོ་རིག་གི་ལས་བྱེད་མཁན་དག་གིས་ཀྱང་མེས་པོ་རྣམས་ཀྱིས་གསར་གཏོད་གནང་ཞིང་མི་རིགས་སྤྱིའི་ནོར་བུ་འདི་སྨད་འཚོང་མའི་ལས་བཞིན་མི་བྱེད་པར་མན་ངག་དང་གདམས་པ་ལ་དཔེ་མཁྱུད་བྱ་འོས་པ་དང་།  སྐུ་ཞབས་དཔོན་པོ་རྣམས་ཀྱིས་ཀྱང་དེའི་ཕྱོགས་ལ་བློ་ཕྱོགས་ཏེ་མཚོན་པ་གསུམ་གྱི་དགོངས་དོན་དང་ལེན་གྱིས།  མི་རིགས་ཀྱི་དཔལ་འབྱོར་གོང་འཕེལ་དུ་གཏོང་བར་བྱས་རྗེས་འཇོག་རིགས་སོ།།


གནད་ངོས་ཟིན་གྱི་གཞེན་སྐུལ།

     མི་རིགས་ཀྱི་དར་རྒུད་གང་ཡང་རང་ཉིད་ཀྱི་ཁེ་དབང་མངོན་འགྱུར་ཐུབ་མིན་གྱི་ལམ་ལུགས་དང་དཔལ་འབྱོར་ལ་རག་ལས་ཕྱིར།  རྩ་བ་དང་ཡལ་ག་གོ་འཛོལ་མེད་པར་རྣམ་དཔྱོད་ལྡན་པ་དག་གི་བློ་གྲོས་ཀྱི་ཤུགས་གནད་འདི་ལ་གཞོལ་རིགས་སོ།།

ཡོང་ཁུངས་བོད་ནང་གི་དྲ་རྒྱ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading