སྐྱུག་རྫོབ་ཀྱི་བོད་རིགས།

གངས་ཕྲུག་བསིལ་རླུང་། ཨ་འབུམ་བློ་བཟང་དམ་ཆོས་ཀྱིས་བསྒྱུར།

                ཨ་རི་བས་སྐྱུག་རྫོབ་ཀྱི་ཨ་རི་བ་བྲིས་ཡོད་པ་དང་།  འཇར་པན་པས་སྐྱུག་རྫོབ་ཀྱི་འཇར་པན་པ་བྲིས་ཡོད། སྐུ་ཞབས་པོ་ཡང་གིས་ཀྱང་སྐྱུག་རྫོབ་ཀྱི་རྒྱ་རིགས་བྲིས་ཡོད་པ་རེད།  དེས་ན་ང་ཚོས་ཅིའི་ཕྱིར་སྐྱུག་རྫོབ་ཀྱི་བོད་རིགས་ཞེས་པ་འབྲི་མི་ཐུབ་པ་རེད།   དངོས་ནས་ང་ཚོའི་མི་རིགས་ནི་དེ་འདྲའི་ཕུལ་དུ་བྱུང་བའི་མི་རིགས་ཞིག་ཡིན་ནམ། རྩོམ་པ་པོས་བལྟས་ན་ང་ཚོའི་མི་རིགས་ནི་མི་རིགས་གཞན་པ་འདི་དག་ལས་ཀྱང་སྐྱུག་རྫོབ་ཞིག་རེད། ངས་སྐད་ཆ་འདི་བཤད་མ་ཐག་ངའི་སེམས་ནས་གསལ་པོར་ཤེས་ཐུབ་པ་ནི་སྤུན་ཟླ་མང་པོས་ང་ལ་མཆིལ་ཞགས་འཕེན་ངེས་པ་མ་ཟད།  ཐ་ན་ང་ལ་མི་རིགས་ཀྱི་ཞབས་འདྲེན་རེད་ཅེས་སྡིགས་ངེས་ཡིན།  རྒྱུ་མཚན་ང་ཚོའི་མི་རིགས་འདི་ལ་གནའ་ནས་སྐྱོན་བརྗོད་དང་ནོར་འཁྲུལ་ངོས་ལེན་བྱེད་ཕོད་པའི་བློ་ཁོག་མེད་པས་རེད། གྲོགས་པོ་ལགས། ཁྱོད་ཀྱིས་བསམ་བློ་བཏང་ཨེ་མྱོང་།  དུས་རབས་ཉེར་གཅིག་པའི་ང་ཚོ་ཅིའི་ཕྱིར་གཞན་མི་རིགས་ཀྱི་རྗེས་མ་ཆོད་པ་རེད།  བོད་རིགས་སྤུན་ཟླ་མང་པོ་ཞིག་གིས་ང་ཚོའི་མི་རིགས་ནི་ལོ་རྒྱུས་རྒྱུན་རིང་ལྡན་པའི་མི་རིགས་ཞིག་ཡིན་པ་དང་།  ང་ཚོའི་མི་རིགས་ནི་གཞུང་དྲང་སྙིང་རྗེ་ལྡན་པའི་མི་རིགས་ཞིག་ཡིན་ཞེས་གླེང་རྒྱུར་དགའ།  གཅིག་བྱས་ན་ལོ་བརྒྱ་ཕྲག་འགའི་སྔོན་དུ་དེ་འདྲ་ཡིན་ཡང་སྲིད། འོན་ཀྱང་ད་ལྟ་བོད་རིགས་ཡོངས་སུ་འགྱུར་ཚར་ཡོད། སྐུ་ཞབས་པོ་ཡང་ལགས་ཀྱིས། གལ་ཏེ་མི་རྣམས་བླ་མེད་ཀྱི་སྤྱོད་བཟང་དང་མི་གཤིས་ལ་ཁ་བྲལ་ཚེ། དུས་འགྲོ་དང་གཉིས་སུ་དབྱེར་མེད་ཅེས་བཤད།  ད་ཆ་ང་ཚོའི་མི་རིགས་ཀྱི་གཤིས་རྒྱུད་ངན་རུལ་དུ་གྱུར་ནས་སྐྱོབ་ཐབས་བྲལ་བའི་གནས་སུ་ལྷུང་འདུག  འོན་ཀྱང་དོན་དངོས་ཀྱི་གནས་ཚུལ་འདི་ཁས་ལེན་མཁན་ག་ཚོད་ཡོད་དམ། སོ་ཕག་འཕངས་ནས་གཡང་ཊི་འདྲེན་པའི་དཔེ་ལྟར་ཡང་དག་བསམ་འཆར་བསྡུ་ལེན་བྱེད་ཕྱིར་ངས་རྩོམ་ཐུང་འདི་འབྲི་བའི་སེམས་ཐག་བཅད་པ་ཡིན།  གལ་ཏེ་བོད་རིགས་ཚོར་ད་དུང་སྐྱེས་ཐོབ་ཀྱི་ཤེས་རབ་ལྡན་པའི་མཁས་པ་རེ་ཡོད་ན་གཏིང་ཟབ་པའི་ངང་ནས་ཞིབ་འཇུག་དང་གྲོས་བསྡུར་བྱེད་པའི་རེ་བ་ཡོད།


གཅིག དཀའ་བ་མ་སྤྱད་པར་འབྲས་བུ་ཐོབ་འདོད་ཀྱི་བསམ་བློ་ཤིན་ཏུ་ཚབས་ཆེ་བ།

      གང་ལྟར་འབྱོར་ཕྱུག་རྒྱས་པའི་ནང་ལོག་གམ། ཡང་ན་ལྷིང་འཇགས་ཀྱི་སྤུ་ཧྲེང་རྫོང་ཡིན་ན་ཆོག ངས་ག་དུས་ཡིན་ནའང་ལྷ་སའི་སྲང་ལམ་གྱི་ལག་གཉིས་བསྲིངས་ནས་གཞན་ལ་སྒོར་མོ་སློང་བ་དང་ཟ་མ་སློང་བའི་གཞོན་ནུ་ཁྱུ་ཚོ་དེ་དག་དྲན་འོངས།  ཁོ་ཚོས་ཅིའི་ཕྱིར་རང་གི་ལག་གཉིས་ལ་བརྟེན་ནས་རང་གི་ཁ་མི་གསོ་བ་རེད། ཁོ་ཚོར་ཅིའི་ཕྱིར་ཆེས་མ་མཐའི་ལ་རྒྱ་དང་རང་བརྩིའི་བསམ་པ་ཅུང་ཙམ་ཡང་མེད་པ་རེད།  ངས་བསམ་ན་འདི་ནི་གནད་དོན་སླ་མོ་ཞིག་མ་རེད།  འདི་ནི་བོད་མི་རིགས་སྤྱི་ལ་ཡོད་པའི་དཀའ་བ་མ་སྤྱད་པར་འབྲས་བུ་ཐོབ་འདོད་ཀྱི་བསམ་བློ་དེ་ཡིན་ངེས།  ཆེས་མཐོ་སར་འགྱིང་ནས་ཕུལ་བྱུང་བ་ཡིན་ཟེར་མཁན་ (སློབ་གྲྭ་ཆེན་མོ་མི་འདྲ་བ་ནས་ཐོན་པའི་རྒྱལ་ཁབ་ལས་བྱེད་པ)  ནས་ཡིག་འབྲུ་གཅིག་ཀྱང་མི་ཤེས་པའི་ཞིང་འབྲོག་དམངས་ཚོགས་ཀྱི་བར་ཚང་མ་ལ་དཀའ་བ་མ་སྤྱད་པར་འབྲས་བུ་ཐོབ་འདོད་ཀྱི་བསམ་བློའི་བག་ཆགས་སྟུག་པོ་ཡོད་པས།  མི་རིགས་འདི་སྔར་ལས་རྗེས་ལུས་དང་ངན་རུལ་གྱི་གནས་སུ་བསྐྱལ་བཞིན་པ་རེད།


གཉིས། སྐྱུག་བྲོ་བ་དང་། ལེ་ལོ་ཆེ་བ། རྗེས་ལུས་ཀྱི་མི་རིགས།

        ང་ཚོས།  ང་ཚོའི་མི་རིགས་འདི་གཙང་སྦྲ་ལ་མི་དགའ་བའི་མི་རིགས་ཞིག་ཡིན་པ་ཁས་ལེན་དགོས། ཞིང་སྡེ་དང་འབྲོག་ཁུལ་གང་ཡིན་རུང་ང་ཚོའི་མི་མང་ཆེ་བར་ལུས་པོ་འཁྲུ་བའི་གོམས་གཤིས་རྩ་བ་ནས་ཡོད་པ་མ་རེད།  ཐ་ན་ཞིང་སྡེ་མང་པོ་ཞིག་གི་ཕོ་གསར་ཚོས་ཀྱང་རྐང་བ་གཏན་ནས་མི་འཁྲུ་བས་རྐང་རུལ་སྣས་མི་བཟོད་པ་འཐུལ་ནས་ཡོང་།  ང་ཚོས་ཞིབ་ཚགས་དགོས་རང་གི་ལུས་ཡོངས་ལ་ཞིབ་ལྟ་ཅིག་བྱོས་དང་།  ཚང་མ་ཧ་ཅང་བཙོག་པ་ཨེ་རེད། བོད་རིགས་གཞོན་ནུ་མང་པོ་ཞིག་སྐྲ་རིང་པོ་འཇོག་པར་དགའ།  འོན་ཀྱང་སྐྲ་བཀྲུ་བར་མི་དགའ་བས་མི་ལ་ཧ་ཅང་སྐྱུག་རྫོབ་དང་ཟ་ངེ་ཟིང་ངེའི་སྣང་བ་སྟེར།  སེན་མོ་རིང་པོ་དེ་ཡང་ནག་ཤར་སེ་ཡོད། བོད་རིགས་གྲོགས་པོ་མང་པོས་ང་ལ།  ཁོ་ཚོའི་གྱོན་པ་དང་ཕྱི་ལུས་ཧ་ཅང་བཙོག་ན་ཡང་ནང་སེམས་དྭངས་གཙང་ཡིན་ཟེར། ངས་བསམ་བློ་ཡང་ཡང་བཏང་མཐར།  ཁོ་ཚོས་སྐད་ཆ་འདི་བཤད་པའི་དམིགས་ཡུལ་ཅི་ཡིན་པ་ཧ་གོ་སོང་། དམིགས་ཡུལ་ཧ་ཅང་གསལ་པོ་རེད། ཁོ་ཚོས་འདི་ལྟར་བཤད་དོན་དོན་དངོས་ལ་གཡོལ་ཐབས་བྱེད་ཆེད་ཁ་གཡོལ་ས་ཞིག་བཙལ་བ་ ལས་གནས་ལུགས་ཀྱི་རིན་ཐང་ཅི་ཡང་མི་འདུག གལ་ཏེ་ནང་སེམས་དྭངས་གཙང་ཡིན་ན། ཕྱི་ཚུལ་དྭངས་གཙང་མིན་ན་ཆོག་པ་རེད་དམ།  གང་ལྟར་ནང་སེམས་དང་ཕྱི་ཚུལ་གང་ཡིན་ཡང་གཉིས་ཀ་གཙང་མ་ཡིན་ན་ཧ་ཅང་བཟང་བ་མ་ཡིན་ནམ།  ངས་ང་ཚོའི་འབྲོག་ཁུལ་གྱི་ས་ཆ་མང་པོར་གློ་གཅོང་གི་ནད་ཕོག་པའི་མི་ཧ་ཅང་མང་པོ་ཡོད་པ་ཤེས་རྟོགས་བྱུང་།  ནད་འདིའི་རྐྱེན་རྩ་གཙོ་བོ་དེད་ན་འཕྲོད་བསྟེན་ལ་དོ་སྣང་མ་བྱས་པ་ལས་བྱུང་བ་མངོན་གསལ་རེད། ད་དུང་། སྤུན་ཟླ་མང་པོས་ང་ཚོའི་མི་རིགས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཞིག་ཡིན་ཞེས་སྟོང་ལབ་རྒྱག་པར་དགའ། ང་ཚོའི་ལས་ལ་བརྩོན་པ་གང་དུ་འདུག ཇ་ཁང་ནང་དུ་ཡོད་པ་རེད་དམ། ཆང་ཁང་ནང་དུ་ཡོད་པ་རེད་དམ། ཉལ་སའི་ནང་དུ་ཡོད་པ་རེད་དམ།  ངས་ཤེས་རྟོགས་བྱུང་བར་གཞིགས་ན་ང་ཚོའི་བོད་རིགས་ཀྱི་ཡར་ཐོན་བརྩོན་སེམས་ནི་མི་རིགས་གཞན་གང་ལས་ཀྱང་ཧ་ཅང་ཆུང་།  མཐོ་ཤེས་ཡོན་པ་ནས་འོག་དམངས་ཚོགས་ཀྱི་བར་དུ།  གྲུབ་འབྲས་ཏིལ་འབྲུ་ཙམ་ཞིག་གིས་བློ་བདེ་བག་ཕེབས་དང་ཡིད་སེམས་ཚིམས། དགའ་ལྷང་ལྷང་།  གང་སར་འུར་བསྟོད་བྱས་ཏེ་ད་ནས་ཁེངས་སྐྱུང་གིས་སློབ་སྦྱོང་མི་བྱེད་པ་མ་ཟད།  རིམ་པ་གཅིག་གིས་ཡར་རྒྱས་གོང་འཕེལ་གཏོང་བའི་བསམ་པ་དེ་བས་ཀྱང་མེད་དོ།།  ལོ་འདི་དག་གི་རིང་ལ་བསམ་བློའི་རིན་ཐང་ལྡན་པའི་དཔེ་ཚོགས་མི་ཉུང་བ་ཞིག་དཔར་སྐྲུན་བྱས་ཡོད་ཀྱང་།  དཔེ་ཚོགས་འདི་དག་བཀླགས་མྱོང་མཁན་གྱི་མི་བཅུ་གྲངས་ཀྱང་ཡོད་མེད་ཙམ་རེད།  འདི་ལས་མཐོང་ཐུབ་པ་ནི་ང་ཚོའི་མི་རིགས་ནི་ཡར་ཐོན་བརྩོན་སེམས་མེད་པའི་མི་ རིགས་ཞིག་ཡིན་པ་དང་། ཡར་ཐོན་བརྩོན་སེམས་མེད་པའི་མི་རིགས་ཞིག་ལ་ཡར་རྒྱས་འབྱུང་སྲིད་དམ།


གསུམ། ཐབས་རྡུགས་དང་ལ་རྒྱ་མི་འདུག

      ང་ཚོ་ནི་ལ་རྒྱ་མེད་པའི་མི་རིགས་ཞིག་རེད། གང་ལྟར་ཤེས་ཡོན་པ་དང་སྤྱིར་བཏང་གི་དམངས་ཚོགས་ཡིན་ནའང་ཆོག  ཚང་མ་ལ་རྒྱ་མེད་པའི་མི་ཏག་ཏག་རེད། ལག་ཏུ་དབང་ཆ་ཡོད་པའི་མི་ཞིག་དང་འཕྲད་ན། ང་ཚོས་ལྕེ་ནར་ནར་བསྣར་ནས་རང་གི་མགོ་ལ་རེག་རེག་བྱས་ཏེ་ཁ་ཡག་ངོ་དགའ་སྤྲེལ་ལད་ཀྱིས་བཟང་སྒྲིག་ཨེ་ཡོང་བལྟ་བ་ལས།  གཞན་ཅི་བྱེད་ཐུབ་བམ།  ངས་ངའི་ཉེ་འཁོར་གྱི་བོད་རིགས་མང་པོ་ཞིག་གིས།  མི་ཞིག་གིས་ཁོ་ལ་ཁེ་བཟང་ཧ་ཅང་ཆུང་ཆུང་དང་དངུལ་ཕྲན་བུ་ཞིག་སྦྱིན་ཚེ།  ཁོ་ཚོ་ནི་ཁྱི་ཕྲུག་ཞིག་མཚུངས་པར་གཞན་གྱིས་ནམ་འབོད་ན་ནམ་ཐོན་པའི་གཡོག་པོ་བྱེད་པ་མཐོང་།  ཐ་ན་གཞན་ལ་མིའི་གཞི་རྩའི་ཀུན་སྤྱོད་དང་འགལ་བའི་བྱ་བའང་སྒྲུབ་གྱིན་འདུག  དབང་ཆ་ཡོད་པའི་མི་(བླ་མ་དང་གྲྭ་བ་ཡང་ཐེ)སུ་ཞིག་གིས་ཁོ་ཚོར་དོན་དག་བསྒྲུབ་པར་བཀའ་ཕབ་ཚེ། ཁོ་ཚོས་ནམ་ཡང་བཟང་ངན་དབྱེ་འབྱེད་མི་བྱེད་པ་མ་ཟད།  མགོ་སྒུར་པུས་བཙུགས་ཀྱིས་ཡོངས་འགྲུབ་བྱེད་ཅི་ཐུབ་བྱེད། ཐོ་འར་ཆིས། རྐང་བ་གཉིས་ལ་བརྟེན་ནས་དྲང་མོར་ལངས་པའི་མི་དཀྱུས་མ་ནི། ཉྭ་གུག་སྒྱིད་ལྷེམ་གྱི་མི་གྲགས་ཅན་ལས་རླབས་ཆེ་ཞེས་བཤད་མྱོང་།  ད་ཆ་ང་ཚོའི་མི་རིགས་ཀྱི་ནང་དུ་རང་གི་རྐང་བ་གཉིས་ལ་བརྟེན་ནས་དྲང་མོར་ལངས་ཐུབ་མཁན་གྱི་མི་ག་ཚོད་ཡོད་དམ།


བཞི། ཁ་ནས་གང་ཐོན་བཤད་ཅིང་ཁ་དན་ཚིག་ལ་མི་གནས།

     བོད་རིགས་ནི་མནའ་བསྐྱལ་ལ་དགའ་བའི་མི་རིགས་ཞིག་རེད། མནའ་རྟེན་དུ་རང་གི་དད་མོས་བྱེད་ཡུལ་དཀོན་མཆོག་གསུམ་དང་བླ་མ། ཡང་ན་རང་གི་དྲིན་ཆེན་ཕ་མ་འཇོག ངས་དབྱེ་ཞིབ་བྱས་པ་ལྟར་ན་མི་མང་པོ་ཞིག་གིས་མནའ་བསྐྱལ་དོན་ནི་མི་གཞན་པ་རང་ཉིད་ཀྱི་སྐྱག་རྫུན་ལ་ཡིད་ཆེས་པའི་ཆེད་དུ་རེད།  ད་ལྟ་བོད་རིགས་ཧ་ཅང་མང་པོ་ཞིག་ལ་རང་དགར་མནའ་བསྐྱལ་བའི་གོམས་གཤིས་ཆགས་བཞིན་པ་དང་།  ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་གང་སར་ཐོས་རྒྱུ་འདུག མི་ཤེས་ཤེས་མདོག་དང་།  སྨྱོ་ལབ་རྒྱག་པ་ལས། གནའ་སྲོལ་བཟང་པོ། ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག་ལྟ་བུ་ཧ་ཅང་དཀོན།  ནོར་པེ་འར་གྱིས་བཤད་རྒྱུར།  རྫུན་གཏམ་ནི་ངན་དགུའི་སྣ་འདྲེན་ཡིན་ཞེས་གསུངས། རེད་ཡ།  ཁྱོད་རང་མི་རིགས་ཞིག་ལ་ཆེས་མ་མཐའི་ཁ་དན་ཚིག་གནས་ཀྱང་མེད་ན། མི་རིགས་འདིའི་འཛམ་གླིང་གི་མི་རིགས་གཞན་གྱི་མདུན་དུ་ཇི་ལྟ་བའི་སྣང་བརྙན་ ཞིག་བསྐྲུན་ཡོད་པ་ནི་མ་བཤད་ན་ཡང་ཤེས་པ་ཞིག་རེད། མ་ཁུ་ཐོ་བུན་གྱིས་བཤད་རྒྱུར།  རང་སྐྱོན་ངོས་ལེན་ནི་གཞུང་དྲང་དང་སྙིང་སྟོབས་ཀྱི་ཐོན་དངོས་སམ་འབྲས་བུ་ཡིན་ ཞེས་གསུངས། དེས་ང་ཚོའི་མི་རིགས་འདི་གཞུང་དྲང་མ་ཡིན་པ་མ་ཟད། ད་དུང་སྙིང་སྟོབས་མེད་པའི་མི་རིགས་ཞིག་ཡིན་པ་གསལ་བཤད་བྱས་འདུག སྤུན་ཟླ་ཚོ། དེས་ན་རླབས་ཆེན་གྱི་རྩོམ་རིག་པ་ལེ་ཧྥུ་ཐོ་འར་སི་ཡི་སྐད་ཆ་འདི་ལ་ཉོན་དང་། ཁོས་བཤད་རྒྱུར། རྫུན་གཏམ་མ་བཤད། བདེན་དོན་ལ་མ་སྐྲག་ཞེས་གསུངས།


ལྔ། མ་རབས་ཐ་ཤལ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཞན་པ་ཚབས་ཆེ།

       ཚང་མས་ཤེས་གསལ་ལྟར། བོད་ལྭ་རིགས་གཅིག་ནི་རི་སྐྱེས་སྲོགས་ཆགས་གང་རུང་གི་པགས་པས་བཟོས་པ་རེད། བོད་རིགས་ཚོས་ལྷ་ཁང་དུ་ལྷ་ལ་ཕྱག་འཚལ་བ། ཡང་ན་ཁྱིམ་དུ་དུས་སྟོན་རོལ་བ་གང་ཡིན་ཡང་། ཚང་མས་རི་སྐྱེས་སྲོག་ཆགས་ཀྱི་པགས་པས་བཟོས་པའི་ལྭ་བ་འདི་གོན་ནས་ཁོ་ཚོའི་ རྒྱུ་སྟོབས་ངོམ་རེས་དང་དཔལ་འབྱོར་གྱི་ཆ་རྐྱེན་བཟང་མདོག་སྟོན་པར་དགའ། དོན་དངོས་སུ་ཁོ་ཚོའི་བྱ་སྤྱོད་འདིས་ཁོ་ཚོ་ནི་ཅི་འདྲའི་རིག་གནས་མེད་པ་དང་ བླུན་རྨོངས་ཡིན་པ་མཚོན་གྱིན་པ་མ་ཟད།  འདིས་ཁོ་ཚོ་ཅི་འདྲའི་རྗེས་ལུས་དང་གདུག་རྩུབ་ཆེ་བ་ཡང་གསལ་སྟོན་བྱས་ཡོད།  ཁོ་ཚོས་འདིས་བོད་བརྒྱུད་ནང་བསྟན་གྱི་བྱམས་སྙིང་རྗེ་དང་མར་གྱུར་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་བ་གཅིག་ཀྱང་མེད་གསུངས་པའི་ལྟ་གྲུབ་དང་འགལ་ཡོད་པ་གཏན་ནས་ཤེས་ཀྱི་མེད།  དོན་དངོས་སུ་འདི་ནི་བོད་རིགས་ནུས་མེད་ཡིན་པས་བཟོ་གྲྭ་སྣ་ཚོགས་འཛུགས་པའི་ཆ་རྐྱེན་མེད་པ་མ་གཏོགས།   གལ་ཏེ་བཟོ་གྲྭ་འཛུགས་པའི་ནུས་པ་ཡོད་ཚེ།  བོད་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ད་ལྟ་ཧ་ཅང་ཉེན་ཁའི་གནས་སུ་ལྷུང་ཡོད་པ་ཁོ་ཐག་ཡིན་ནོ།།
རང་གི་རིག་གནས་ཆུ་ཚད་དང་དུས་ཚོད་ཀྱི་དབང་གིས།  གནད་དོན་ལྔ་ཙམ་མ་གཏོགས་འབྲི་མ་ཐུབ།  བོད་མི་རིགས་ཀྱི་སྟེང་དུ་ད་དུང་སྐྱུག་རྫོབ་ཀྱི་གནས་དང་མི་འདང་ས་མང་པོ་ཡོད་པས།  ངའི་རེ་བར་མི་མང་པོ་མཉམ་ཞུགས་ཀྱིས་ང་ཚོའི་སྐྱོན་ཆ་དང་མི་འདང་ས་གླེང་ནས།  བོད་རིགས་ཀྱི་མི་རེ་རེས་ང་ཚོའི་མི་རིགས་འདིའི་སྐྱོན་ཆ་དང་མི་འདང་ས་ཤེས་རྟོགས་ཡོང་བར་བྱེད་པ་དང་མཉམ་དུ།  ང་ཚོས་དངོས་སུ་གཞན་ལ་ཁག་དཀྲི་ས་མེད་པའི་གནད་དོན་འདི་དག་བསྒྱུར་བཅོས་བྱས་ཏེ།  བོད་རིགས་མི་དམངས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་མུ་མཐུད་འཕེལ་རྒྱས་དང་། གནའ་བོའི་མི་རིགས་འདི་མིང་དོན་མཚུངས་པའི་སྟོབས་ལྡན་དང་བྱམས་སེམས་ཅན་གྱི་མི་ རིགས་ཞིག་བྱེད་དགོས་སོ།།

    འདི་ཡང་བོད་ཀྱི་རིགས་ལ་ཞེན་པ་སྙིང་ནས་དཀར་བའི་ཨ་འབུམ་བློ་བཟང་དམ་ཆོས་སུ་འབོད་པས་ལུག་ཚང་འཕྲིན་སྟེགས་ཀྱི་རྒྱ་ཡིག་ལས་བོད་ཡིག་ཏུ་འཕྲལ་མར་འགྱུར་ནས་ཕུལ་བ་དགེ་གྱུར་ཅིག                               ༢༠༡༥/༡/༡/ལ།

ཡོང་ཁུངས་བོད་ནང་གི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s