གངས་དཔལ།

འདི་ནས་ས་ཐག་ཧ་ཅང་རིང་ས་ཞིག་ན།།

དེ་རི་ཆོས་སྐད་རྣ་བས་ཐོས་ས་ཞིག་སྟེ།།
ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ས་དེ་རུ།།
རིང་ནས་བརྩེ་བའི་མི་མོའི་སྲས་མོ་བཞུགསཡོད།།
གླེང་བརྗོད་སྣ་ཚོགས་བྱོ་སའི་ལུང་པ་དེ་རུ།།
མགུལ་རྒྱན་གཟི་མཆོང་བཏེགས་པའི་བྲག་རིའི་སྲས་མོ།།
ཚིག་ཏུ་གླེང་ཞིང་བརྗོད་དུ་བཟོད་པ་མིན་ཏེ།།
གདེངས་ཅན་ཀླུ་ཡི་བུ་མོས་དོ་ཟླ་མིན་ནོ།།
མཐོན་མཐིང་རྩེ་ན་འོད་ཀྱི་གོང་བུ་མེད་ཀྱང་།།
ཡ་ཆུང་སེམས་སུ་བརྩེ་བའི་འོ་མ་འཁྱིལ་ཡོད།།
ཆུ་འཛིན་དཀར་བོའི་གློག་ཕྲེང་དྲ་བ་མེད་ཀྱང་།།
འཆར་ཀའི་ཚོན་རིས་འདྲ་བའི་མདངས་ཤིག་ཤར་ཡོད།།
དུ་ཀཱ་ལ་ཡི་ལྷ་གོས་གྱོན་པ་མིན་ཏེ།།
དེ་བཱི་ཀོ་ཌིའི་ནང་ནས་འདེམས་པ་མིན་ལ།།
མེ་ཏོག་མང་པོའི་ཁྲོད་དུ་སྐྱེས་པ་མིན་པའི།།
འཕྱོར་མོ་མ་འདི་མྱི་ཕོའི་དུངས་ས་ཡིན་ནོ།།
དུང་གི་བུམ་ཆང་མཆོད་པའི་ལྷ་མོ་མིན་ལ།།
འཆི་མེད་ཚེ་ཆང་འདྲེན་པའི་ཀླུ་མོ་མིན་པའི།།
བདེ་དགེ་མཛེས་གསུམ་ཚང་བའི་སྙིང་རྗེ་མ་འདི།།
འབྲོག་རིའི་བུ་མོ་བྲག་རིའི་སྲས་མོ་ཡིན་ནོ།།
མངོན་ཆུང་རྫི་ལས་གྲོལ་བའི་བཞིན་མདངས་ལེགས་པོ།།
བཙན་གྱིས་གཉེར་བ་མིན་པའི་འཛུམ་དཀར་སོ་ཕྲེང་།།
ང་ལ་ཆེད་དུ་མིན་པའི་ཟུར་མིག་མདའ་མོས།།
འཁྲིག་སྲེད་སློང་པ་མིན་ཀྱང་གཟེར་ཤ་རྒྱག་འོང་།།
སྦྲ་ནག་རླུང་གིས་སྐྱོམས་པའི་མཚན་ལྗོངས་ཤིག་ལ།།
ཤ་དྲོད་ཨེན་ཙམ་མཐོ་བའི་བྲག་རིའི་སྲས་མོའི།།
འཇམ་པོའི་ངག་གིས་སྙིང་གཏམ་ཆུ་མོ་དྭངས་དྭངས།།
བྱམས་ལ་བརྩེ་བས་བདག་གི་སེམས་ཁམས་སྐྱིད་སྐྱིད།།
ཐུར་ཏུ་སིལ་བུར་འཕྱང་བའི་ལན་བུ་ཅན་མ།།
སྒོ་འཕྱོར་མཛེས་རྒྱན་དཔྱངས་པའི་སྦྲ་ནག་ནང་ན།།
དགེ་བཅུ་ཚང་བའི་ཡུལ་ལྗོངས་གསོན་པོ་དེ་རུ།།
གོས་ཆེན་རྒྱ་སེའི་ཕྱུ་ཆེན་མཛེས་སེ་ཡོད་དོ།།
མོ་ཤ་འཇམ་པའི་འབྲོག་མོ་སོར་གདུབ་ཅན་མས།།
སྒྲ་མེད་དལ་བའི་སྲོལ་གྱི་ཕྱི་གོས་ཕུད་དེ།།
འཛུམ་རིས་མུལ་མུལ་འོ་ཡི་འོ་མ་ལྡག་ལ།།
མཉེན་ཤ་དུང་དུང་མཆོག་གི་བདེ་བ་བསྩལ་ཡོང་།།
གྲ་ཡག་ཝ་ཞྭའི་པྲོག་ཞུ་ཁྱོད་ཡིན་གསུང་བྱུང་།།
གཡུ་ཡི་མགུལ་རྒྱན་ནང་ན་ཁྱོད་ཡོད་གསུང་བྱུང་།།
བྱུ་རུའི་རྣ་རྒྱན་ཡ་གཅིག་ཁྱོད་ཡིན་གསུང་བྱུང་།།
ཨ་འཇམ་ཚ་རུའི་དྲོད་ཁོལ་ཁྱོད་ཡིན་གསུང་བྱུང་།།
མིག་གི་རྒྱལ་མོའི་ནང་ན་ཁྱོད་ཡོད་གསུང་བྱུང་།།
སྙིང་གི་ཁོག་ཆེན་གསེབ་ན་ཁྱོད་ཡོད་གསུང་བྱུང་།།
གློ་འདབ་སྟོད་མའི་བར་ན་ཁྱོད་ཡོད་གསུང་བྱུང་།།
མཆིན་པའི་ཚིལ་ཤུབ་ནང་ན་ཁྱོད་ཡོད་གསུང་བྱུང་།།
མིག་ཆུ་དྭངས་མོའི་ནང་ན་ཁྱོད་ཡོད་གསུང་བྱུང་།།
ལྷད་མེད་དགོད་སྒྲའི་ནང་ན་ཁྱོད་ཡོད་གསུངབྱུང་།།
གཉེན་གྱི་ཁ་ལག་བར་ན་ཁྱོད་ཡོད་གསུང་བྱུང་།།
དགའ་སྐྱོ་ཆགས་སྡང་རེ་རེ་ཁྱོད་ཡིན་གསུང་བྱུང་།།
ཁྱོད་རང་དྲན་ཏེ་མིག་ཆུ་གཞུང་ཆུར་འདྲེས་ཟེར།།
ཁྱོད་རང་བསམ་ནས་སྙིང་རླུང་སྟོད་དུ་འཚང་ཟེར།།
ཁྱོད་ལ་བསྒུག་པས་སྐྲ་ལོ་དཀར་པོར་གྱུར་ཟེར།།
ཁྱོད་རང་བཙལ་ཏེ་ས་མཐར་བསྐོར་བ་བརྒྱབ་ཟེར།།
ཁྱེད་ལ་དགའ་ནས་མི་ཚེའི་དྲན་ཐོ་བརྩམས་ཟེར།།
ཁྱེད་ལ་དགའ་ནས་སྡེ་ཆེན་མྱི་ཁ་བརྒྱུད་ཟེར།།
ཁྱེད་ལ་དགའ་ནས་རླུང་ལ་འཕྲིན་པ་བསྐུར་ཟེར།།
ཁྱེད་ལ་དགའ་ནས་གཙང་བོར་སྐད་ཆ་དྲིས་ཟེར།།
ཁོ་མོ་འཇིག་རྟེན་འཁོར་བའི་ལྟེ་ཐག་འདྲ་བྱུང་།།
ཁོ་མོ་གཡུལ་ལས་ཕམ་པའི་དམག་མི་འདྲ་བྱུང་།།
ཁོ་མོ་གཅོང་ནད་ཐེབས་པའི་གསོ་བྱ་འདྲ་བྱུང་།།
ཁོ་མོ་བྱམས་བརྩེའི་ཕྱུག་པའི་ཨ་མ་འདྲ་བྱུང་།།
ང་ལ་མཚོན་ན་ཁོ་མོ་འདས་དོན་ཞིག་ཡིན།།
ང་ལ་མཚོན་ན་ཁོ་མོ་ཕྱིར་དྲན་ཞིག་ཡིན།།
ང་ལ་མཚོན་ན་ཁོ་མོ་མགྱོགས་ཟས་ཞིག་ཡིན།།
ང་ལ་མཚོན་ན་ཁོ་མོ་དྲན་ཤིང་ཞིག་ཡིན།།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: