སྨྱུག་མདའ། (སེ་ར)
མཚོ་སྟེ་དབྱངས་ཀྱི་ཐིག་ལེར་ཨོཾ།།
མཛེས་ལྡན་རོལ་མོས་ཕྱི་མིག་མདུད།།
ལྡེམ་ལ་འཁྱུག་པའི་འཛུམ་ངོགས་སུ།།
སྙན་ངག་ཕུང་བོ་མདོག་ཏུ་འཕྱོ།།
སེམས་ཀྱི་མཁའ་ལ་སྒྲེང་བྱེད་པའི།།
བརྩེ་བ་ཚངས་པའི་སྐྱེས་མ་ལེགས།།
རྨི་རུ་བརྐོས་པའི་མདངས་མཛེས་མ།།
སྤྲོས་བྲལ་ཀློང་དུ་མགྲོན་ལ་བསུ།།
སྲིད་གསུམ་སྒེག་གིས་ཟིལ་གནོན་མས།།
རིག་པའི་རྩལ་ངག་གཅིག་ཏུ་བསྡུས།།
ཀུན་རྟོག་འཕྲུལ་གྱི་སྣང་ངོར་ལ།།
དར་གྱི་ན་བཟའ་དཀར་ཡུག་ཡུག།
མི་ཚེས་བྱང་ཐང་འགྲིམས་པའི་ཚེ།།
མེ་ཏོག་ཟིལ་བའི་ཐིགས་པ་གཏོར།།
སྐྱོ་བའི་དབྱངས་རྟ་ནང་དུ་བཀུག།
སྙན་ངག་བརྩམས་ཏེ་མཐོ་རུ་གྱེར།།
སྨུག་པ་རུམ་ལ་ཞོགས་པའི་མདང་།།
གླིང་བུའི་ཁུགས་སོར་ངལ་གསོ་བསྟེན།།
སེམས་རྩ་གཉེར་མས་ལྟེབ་ཀྱིན་ན།།
སྐུད་པ་ཕྲ་མོའི་རྟེན་འབྲེལ་བཏགས།།
ད་ནི་ཡང་བསྐྱར་ཤེད་ཀྱིས་ལྡང་།།
སྨྱུ་གུའི་གཟུགས་དག་ལྷན་དུ་འཕྱུར།།
ཚེ་ནི་རླུང་བུ་ཡིན་ཀྱང་ཆོག།
ཚོར་བ་སྨིན་པའི་བག་ཆགས་རྙེད།།
དངོས་གྲུབ་ཐོབ་པར་འདོད་དེ་ཡིས།།
དེ་ཉིད་སེམས་ཀྱིས་ཐ་སྙད་བརྡར།།
བརྩེ་བ་བརྩིགས་པའི་རྩིབ་མར་སྦྲེལ།།
བདེ་བའི་ཚིག་རྐང་ལྷ་མོར་བཏེག།
སྐྱིད་སྡུག་རླབས་ཀྱིས་སྐྱོད་པའི་ཚེ།།
དམིགས་པ་གཏོང་བའི་སྒྲ་ལ་སྙེན།།
འཇའ་ལམ”སྣང་ཡན་དེ་གར་འཁྲུལ།།
སྟོང་བའི་ཁམས་ལ་སྟོང་བ་བཙལ།།
ཡིད་ཀྱི་རོལ་མྱོང་ལན་གཅིག་གིས།།
ང་ཡི་ཚོར་བའི་གྲོགས་སུ་སྦྲན།།
མཛེས་པའི་ཆོས་རྣམས་མཚོ་ལ་འཕྲོས།།
ཐག་རིང་བསྙེག་པའི་སྟ་གོན་བརྩམས།།
ཀྱེ་མ་དབྱངས་ཀྱི་ལྷ་མཆོག་མར།།
སྨྱུ་གུ་ངར་ལ་ལན་ཞིག་བཏང་།།
དྲན་ཤེས་དབྱངས་ཡིག་ངོས་སུ་ཕབ།།
གཟུགས་བྱད་དཀར་མོ་སྙིམ་པར་སྦྱར།།
༢༠༡༥ ཟླ ༢ ཚེས ༦ ཉིན།
ངེད་དྲ་ཚིགས།