རི་བོ་ཡར་ལྷ་ཤམ་པོའི་དབུ་རྩེ་ནས་ཀྱང་རང་དབང་གི་ཅོང་སྒྲ་དེ་སྒྲོག་པར་བསྒུག་ནས་ཡོད།

_____མཱར་ཊིན་ལུ་ཐར་ཀིང་རྗེས་དྲན་དུ།

སྤོ་ཆུང་ཚང་དོན་གྲུབ་ལྷ་དར།

རྩོམ་ཡིག་འདི་ཉིད་རྒྱས་པ་བོད་ཀྱི་བང་ཆེན་གསར་ཤོག་ཐོག་བཀོད་རྗེས་འདིར་སྙིང་བསྡུས་ཤིག་བསྐྱར་འགོད་ཞུས་ཡོད།

         གུས་བཀུར་འོས་པའི་སྐྱེས་བུ་དམ་པ་མཱར་ཊིན་ལུ་ཐར་ཀིང་( Martin Luther King, Jr) མཆོག་གིས་གཏམ་བཤད་གནང་སྐབས་ཀྱི་ངོ་གདོང་གི་འགྱུར་བག་དང་། ལག་པའི་གདེངས་འཇོག སྐད་ཀྱི་ངར་ཤུགས་སོགས་ནས་ལུས་ངག་ཡིད་གསུམ་འཐབ་རྩོད་དེའི་ནང་ཐིམ་པའི་རིགས་ཞེན་ཅན་ཞིག་གི་བློས་གཏོང་དང་། དཔའ་སྤོབས་མཐོང་བྱུང་ལ། མིང་དོན་མཚུངས་པའི་དབུ་འཁྲིད་ཅིག་གི་ཁྱད་ཆོས་མཇལ་བྱུང་།
དེ་དག་ནི་མི་དཀྱུས་མ་ཞིག་གིས་དགུང་ན་གཞོན་པའི་སྐབས་ནས་གསར་བརྗེའི་བྱ་གཞག་རླབས་ཆེན་དེ་ལྟ་བུ་ཞིག་སྣེ་འཁྲིད་ལེགས་གྲུབ་ཐུབ་པའི་རྒྱུ་མཚན་ལོས་ཡིན་སྙམ་པ་བྱུང་།
སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་པ་དང་ཞི་བདེའི་དབུ་འཁྲིད་རླབས་ཆེན་མཱར་ཊིན་ ལུ་ཐར་ཀིང་ཕྱི་ལོ་ ༡༩༢༩ ། ༡། ༡༥། གྲང་ངར་ཆེ་བའི་དགུན་དུས་སུ་ཨ་རིའི་ཇཱིཨོར་ཇཱི་ཡ་ Georgia མངའ་སྡེའི་ཨེ་ཊི་ལཱན་ཊ་Atlanta, རུ་ཕ་མ་གཉིས་ཀ་མི་རིགས་ནག་པོ་ཡིན་པའི་ཁྱིམ་ཚང་ཞིག་ནང་སྐུ་འཁྲུངས།
སྐབས་དེའི་མི་རིགས་ནག་པོའི་གནས་བབ་ནི་བྲན་གཡོག་དང་དབྱེ་འབྱེད་ཀྱི་འོག་ཏུ་ཚུད་པའི་མུན་ནག་གི་དུས་རབས་ཤིག་སྟེ།  རྒྱུན་རིང་ངན་ལངས་ངན་གོམས་དང་།  ལུགས་མཐུན་མིན་པར་ཁྲིམས་དང་གོམས་སྲོལ་དུ་ཆགས་པའི་མི་རིགས་དཀར་ནག་དབྱེ་ འབྱེད་འོག་གནས་ཡོད།
ལྷག་པར་ཨ་རིའི་ལྷོ་ཕྱོགས་ཁུལ་དུ་མི་རིགས་ནག་པོ་ཚོ་མི་རིགས་དཀར་པོ་འགྲོ་སའི་ལྡུམ་ར་དང་།  སློབ་གྲྭ།  ཞབས་བྲོ་ཁང་།  ཟ་ཁང་མགྲོན་ཁང་དང་། ཆོས་ཁང་སོགས་ནང་འགྲོ་སྤྱོད་མི་ཆོག་ཅིང་། ལས་ཀ་གཅིག་པ་བྱས་ཀྱང་གླ་ཆ་མི་རིགས་ནག་པོ་ལ་ཉུང་བ།  ཉེས་པ་གཅིག་པ་བསགས་ཀྱང་ཉེས་ཆད་མི་རིགས་ནག་པོ་ལ་ལྕི་བ།  སྤྱི་སྤྱོད་རླངས་འཁོར་དང་ཚོང་ཁང་སོགས་ལ་ཡང་མི་རིགས་ནག་པོ་རྣམས་མི་རིགས་དཀར་པོ་བསྡད་སའི་མདུན་གྲལ་གྱི་རྐུབ་སྟེགས་ཐོག་བསྡད་མི་ཆོག་པ་མ་ཟད།  མི་རིགས་ནག་པོ་རྣམས་རླངས་འཁོར་གྱི་མདུན་སྒོ་ནས་འཛུལ་མི་ཆོག་པར།  མཇུག་གི་སྒོ་ནས་འཛུལ་དགོས་པའི་དབྱེ་འབྱེད་དང་བྲན་གཡོག་གི་ཆ་ནས་མུན་ནག་གི་དུས་སྐབས་ཤིག་ཡིན།
འོན་ཀྱང་བོད་ནང་དུ་རྒྱ་མི་རིགས་ཀྱིས་བོད་མིར་བཏང་དང་གཏོང་བཞིན་པའི་གཉའ་གནོན་དང་མཚུངས་བསྡུར་བྱས་ན།  མི་རིགས་དཀར་པོས་ནག་པོར་བཏང་བ་ལས་ཀྱང་ཕྱོགས་མང་པོ་ནས་བོད་ནང་སྡུག་རྩུབ་ཆེ་བ་མ་ཟད།  དེ་ནི་ཕྱིའི་བཙན་འཛུལ་དང་འབྲེལ་བའི་གཉའ་གནོན་ཞིག་ཡིན་པ་ལས། དེ་ནི་ལམ་ལུགས་དང་སྲིད་ཇུས་ཙམ་གྱི་དཀའ་ངལ་མིན་པས།  སྐབས་དེའི་མི་རིགས་ནག་པོས་འབད་པ་ལས་ཀྱང་ལྡབ་མང་པོའི་འབད་པ་ཆེ་བ་དང་།  དུས་ཡུན་རིང་བ་ང་ཚོས་འཐབ་རྩོད་དགོས་པའི་ཤེས་རྟོགས་དང་བཟོད་སྲན་དགོས་པ་ནི།  ད་ལྟའི་དུས་འདིར་རང་ཉིད་ཀྱི་འཐབ་རྩོད་རང་ངོ་འཕྲོད་མིན་གྱི་གནད་འགག་སྟེ།  རང་ཉིད་གཏན་དུ་བོར་བརླག་འགྲོ་མིན་གྱི་གནད་འགག་ཆགས་ཡོད།
མདོར་ན་ཨ་རིར་སྐབས་དེར་འཕྲད་པའི་མི་རིགས་དཀར་ནག་བར་གྱི་འགལ་བ་དེ་ནི་གྲལ་ རིམ་དང་མི་རིགས་ཀྱི་གནད་དོན་ཙམ་ཞིག་ཡིན་ཡང་།  ང་ཚོ་དང་རྒྱ་རིགས་བར་གྱི་འགལ་བ་ནི།   གྲལ་རིམ་དང་།   མི་རིགས་ཀྱི་གནད་དོན་ལས་བརྒལ་བའི་བདག་དབང་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་བརྗེད་མི་རུང་ཞིང་།   ཁོང་ཚོ་བར་རྩོད་རྙོག་ཇི་ལྟར་ཆེ་ཡང་ཨ་རིའི་ས་གཞི་ཆེན་མོ་དེ་ཁོང་ཚོ་ཐུན་མོང་གི་ཡིན་ཡང་བོད་ཀྱི་ས་གཞི་ཆེན་མོ་དེ་ང་ཚོ་བོད་མིར་དབང་བ་ལས།  རྒྱ་མི་རིགས་ལ་མི་དབང་བ་དེ་དྲན་དགོས་པ་ནི་རྩ་དོན་ངོ་མ་ཡིན།
ད་དུང་སྐབས་དེར་མི་རིགས་ནག་པོའི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་ལ་ཨ་རིའི་ སྲིད་འཛིན་གྱིས་ཡོངས་སུ་རྒྱབ་སྐྱོར་གནང་བ་མ་ཟད།   མཐར་སྲིད་འཛིན་མཆོག་གི་སྐུ་སྲོག་ཤོར་བ་ཡང་གནད་དོན་དེ་དང་འབྲེལ་ཡོད་མོད།  རྒྱ་བོད་ཀྱི་འགལ་བ་མི་ལོ་ ༦༦ ཙམ་སོང་ཟིན་ཀྱང་དེའི་རིང་རྒྱ་ནག་གི་སྲིད་འཛིན་སུ་ཞིག་གིས་བོད་ལ་ཡོངས་སུ་ རྒྱབ་སྐྱོར་ཕར་ཞོག   རྒྱ་བོད་ཀྱི་འགལ་བའི་ཁྲོད་ནས་བོད་ཀྱི་ཕྱོགས་སུ་ལངས་མཁན་རྒྱ་ནག་གི་སྲིད་འཛིན་གཅིག་ཀྱང་བྱུང་མྱོང་མེད་པ་ཡང་བདག་དབང་དང་འབྲེལ་བས་ཡིན།
དུས་ཚོད་དེར་ཨ་རིར་མི་རིགས་དཀར་ནག་བར་གྲལ་རིམ་གྱི་རྣོ་ངར་ཧ་ཅང་ཆེ་ཡང་།  གསར་འགོད་རང་དབང་གི་ཁོར་ཡུག་དང་གོམས་གཤིས་ནི་ཧ་ཅང་ཚད་མཐོན་པོ་ཡོད་ཚོད་འདུག  གང་ལགས་ཞེ་ན།  བརྒྱུད་ལམ་ཁག་གི་གསར་འགོད་པ་མི་རིགས་དཀར་པོ་ཚོས་མི་རིགས་ནག་པོའི་ལས་འགུལ་དངོས་ཀྱི་གནས་ཚུལ་རྣམས་སྦས་འགེབས་མེད་པར་དྲང་པོར་ཁྱབ་སྤེལ་གནང་བ་ནི།  ལས་འགུལ་དུས་ཐོག་ཤེས་རྟོགས་བདེན་རྒྱབ་བྱུང་བའི་སྟོབས་ཤུགས་གཙོ་བོ་དེ་ཆགས་ཡོད།  དེ་ཡང་ཀིང་གི་གསར་བརྗེའི་གཏམ་བཤད་དང་།  ཞི་བའི་གོམ་བགྲོད་པའི་ཐོག་ས་གནས་སྐོར་སྲུང་བས་གཅར་རྡུང་བཏང་བའི་སྐད་སྒྲ་རྣམས།   མཐོ་ཕོ་བྲང་དཀར་པོའི་སྲིད་འཛིན་ནས་དམའ་ཞིང་པ་དཀྱུས་མ་ཚོའི་མིག་དང་རྣ་བར་བརྒྱུད་ལམ་ཁག་གིས་སྐབས་དེར་དུས་ཐོག་བསྐྱལ་ཡོད།
དེ་དག་ནི་འགྲོ་བ་མིའི་རིགས་ཀྱི་རང་དབང་རྩོད་ལེན་གྱི་ལོ་རྒྱུས་ནང་ངེས་པར་རྗེས་དྲན་ཞུ་དགོས་པའི་གནད་དོན་ཞིག་ཡིན་པ་མ་ཟད།   གསར་འགོད་པའི་རང་དབང་དང་བདེན་དོན་ཁྱབ་སྤེལ་ཟེར་བ་རྩ་ཆེན་བརྩི་བའི་དཔེ་མཚོན་དང་།   གསར་འགོད་པའི་ཆེ་མཐོང་ཞེས་པ་དེ་འདྲ་ཞིག་ལོས་ཡིན་སྙམ་པ་བྱུང་།
ཀིང་གི་ཕ་མས་མི་རིགས་ནག་པོའི་ཐོབ་ཐང་རྩོད་ལེན་དང་ངོས་འཛིན་ནས་ཀྱང་ཁོང་གི་སློབ་སྦྱོང་དང་འཐབ་རྩོད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པས།   ང་ཚོས་ཀྱང་མ་མཐར་ཡང་རྒྱལ་ཁབ་དགྲ་ལག་ཏུ་ཤོར་ཞིང་།   སྤུན་ཟླ་གྲངས་མེད་ཀྱི་ཚེ་སྲོག་ཤོར་དང་ཤོར་བཞིན་པའི་རང་ངོ་རང་གི་བུ་ཕྲུག་ཚོར་སྤྲད་དགོས་པ་ནི།   འགན་འཁྲི་དང་ལས་འབྲས་ཟེར་བའི་དོན་སྙིང་ཡང་མ་ཡིན་ནམ།
ཀིང་ལ་ཕ་མའི་སློབ་གསོ་དང་།   རང་གིས་དངོས་མྱོང་དངོས་མཐོང་བྱུང་བའི་མི་རིགས་དཀར་པོའི་གཉའ་གནོན་བརྒྱུད།   ཁོང་རིམ་བཞིན་མི་རིགས་དཀར་པོ་ལ་མི་དགའ་བར་གྱུར་ཞིང་།   མི་རིགས་ནག་པོར་གཅེས་སེམས་བྱུང་བ་ནས་འགོ་བཙུགས་ཏེ།   དགྲ་ལ་དགྲ་ངོ་འཕྲོད་པའི་འདུ་ཤེས་བརྙེད་ཅིང་།   མི་རིགས་ནག་པོའི་ཐོབ་ཐང་རྩོད་པའི་དབུ་འཁྲིད་རླབས་ཆེན་ཞིག་ཏུ་གྱུར།
ཁོང་ལོ་ན་བཅོ་ལྔའི་སྐབས་མཱོར་ཧཱའུ་སི་ Morehouse མཐོ་སློབ་ཏུ་ཚུད་སྐབས།   མ་འོངས་མི་ཚེའི་འཚོ་ཐབས་དང་ལས་གནས་ཅི་ཞིག་འཛིན་དགོས་མིན་སེམས་ནང་གསལ་པོ་མེད་ཀྱང་འབྱུང་འགྱུར་མི་རིགས་ནག་པོའི་ཁེ་ཕན་ཆེད་དུ་ལས་ཀ་ཞིག་བྱ་རྒྱུའི་ངོས་འཛིན་གསལ་པོ་དང་ཆོད་སེམས་བརྟན་པོ་ཡོད།
མཐོ་སློབ་ཏུ་ཡོད་སྐབས་རྩོམ་པ་པོ་གྲགས་ཅན་དག་གིས་མཛད་པའི་ཕྱག་དཔེ་མང་པོ་བཀླགས་ཤིང་།   མི་རིགས་ནག་པོར་བཅིང་འགྲོལ་ཐོབ་པའི་བསམ་བློ་དང་ཐབས་ལམ་འཚོལ་བཞིན་པའི་བརྒྱུད་རིམ་ནས་རྒྱ་གར་གྱི་སེམས་དཔའ་ཆེན་པོ་གྷན་དྷིའིི་གཏམ་བཤད་ཀྱི་གློག་བརྙན་དང་།  དཔེ་དེབ་བལྟ་ཀློག་ནས་གྷན་དྷེའི་འཚེ་མེད་ཞི་བའི་ཐབས་ལམ་དེ་ཉིད་འཚམས་ཤོས་ཡིན་པའི་ངོས་འཛིན་བྱུང་སྟེ།  ལས་འགུལ་ནང་གྷན་དྷིའི་ཐབས་ཇུས་ལག་བསྟར་གྱིས་རིམ་བཞིན་ཁུལ་དེའི་མི་མང་ཁྲོད་དུ་ཡང་གྷན་དྷིའི་སྐོར་གླེང་སློང་དང་ཤེས་རྟོགས་གསར་པ་ཞིག་གིས་ཁྱབ་པར་གྱུར།
མི་རིགས་དཀར་ནག་དབྱེ་འབྱེད་ཆུང་བའི་བྱང་ཕྱོགས་ཨེ་ཊི་ལཱན་ཊ་ནས་མི་རིགས་དཀར་ནག་དབྱེ་འབྱེད་ཧ་ཅང་ཆེ་བའི་ལྷོ་ཕྱོགས་མོན་ཊི་གྷོ་མེ་རི་ཨ་ལ་བྷ་མ་ Montgomery, Alabama  ས་ཁུལ་དུ་ཡི་ཤུའི་ལྷ་ཁང་ཞིག་ནང་ཀིང་ལ་ཆོས་དཔོན་གྱི་ལས་གནས་བློར་འབབ་པ་ཞིག་ཐོབ་པས།   ཕྱི་ལོ་༡༩༥༤ ལོར་བཟའ་ཟླ་ཁཱོ་རེ་ཊ་སི་ཁཱོ་ཊི་ Coretta Scott དང་མཉམ་དེར་གནས་སྤོ་བྱས།   གནས་སྤོའི་འགྲུལ་བཞུད་དེ་ནི་ཕྱིས་སུ་ཁོང་གིས་འགྲོ་བ་མིའི་རིགས་ཀྱི་འདྲ་མཉམ་དང་།   རིགས་ཀྱི་སྲི་ཞུ་སླད་ཕུལ་བའི་གསར་བརྗེའི་བྱ་གཞག་རླབས་ཆེན་དེའི་འགོ་འཛུགས་ཀྱི་གོམ་ཁ་ཞིག་ཏུ་གྱུར།
བདེན་པ་ཡོད་ཅིང་།   བདེན་པ་ལ་རྒྱལ་ཁ་ཐོབ་འདོད་ན་དེའི་ཕྱོགས་ཀྱི་རེ་བ་བརླག་མི་རུང་བ་ནི།   རྒྱལ་ཁའི་བླ་སྲོག་དང་གོ་རིམ་དང་པོ་དེ་ཡིན་པ་ལྟར།   ཁོང་བཟའ་ཚང་གཉིས་དེར་གནས་སྤོ་སྐབས། ལྷོ་ཕྱོགས་ལ་ཉིན་ཞིག་འདྲ་མཉམ་གྱི་རང་དབང་དང་།   སྤྱི་སྙོམ་གྱི་འགྱུར་བ་ཞིག་ཡོང་བའི་རེ་བ་ཁྱེར་ནས་གནས་དེར་བསྐྱོད་པ་བཞིན།    རང་དབང་དང་འདྲ་མཉམ་གྱི་གསར་བརྗེ་དེ་དངོས་སུ་བྱུང་ཞིང་།   ཕྱི་རབས་པ་ཚོས་རང་དབང་དང་འདྲ་མཉམ་དེ་ལོངས་སུ་སྤྱོད་བཞིན་ཡོད་པས།   ང་ཚོ་གངས་ཅན་པ་ཚོས་ཀྱང་ང་ཚོ་དང་ཕྱི་རབས་པ་ལ་དགོས་པའི་རང་བཙན་གྱི་རེ་བ་འདི་ ནམ་ཡང་བརླག་མི་ཉན་པར་མུ་མཐུད་རྩོད་ལེན་དགོས།
ཀིང་བཟའ་ཚང་གཉིས་དེར་མ་སྤོས་གོང་དང་།   བུད་མེད་རཱོ་སཱ་པག་གིས་རང་སྲུང་གི་ངོ་རྒོལ་དེ་མ་གནང་བར་དུ་རང་གི་ཚེ་སྲོག་དང་ལས་གནས་ཤོར་བའི་འཇིགས་སྣང་ཐོག་ལམ་ལུགས་དེར་ངོ་རྒོལ་བྱས་ནས་འགྱུར་བ་ཡོང་མི་སྲིད་པའི་ངོས་འཛིན་འོག མོན་ཌ་གྷོ་མེ་རེ་ཁུལ་དུ་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་གཉའ་གནོན་དེར་ངོ་ རྒོལ་མ་ནུས་པར་དེ་མུར་ལུས་ནས་ཡོད།
བུད་མེད་རཱོ་སཱ་པག་གིས་དབྱེ་འབྱེད་ལ་རྒོལ་ཞིང་རང་གི་འཚོ་གནས་དང་ཆེ་མཐོང་ སྲུང་བའི་སྙིང་སྟོབས་དེས་མི་རིགས་ནག་པོ་གཉིད་ལས་བསླངས་ཤིང་།   མི་རིགས་ནག་པོའི་རེ་བ་དང་སྙིང་སྟོབས་སྨིན་པར་བྱས་ཡོད་ཅིང་།   ཀིང་གིས་ཕྱིས་སུ་རླབས་ཆེན་གྱི་ལག་རྗེས་སྣུམ་པོ་དེ་གཞག་སའི་དབུ་འཁྱུད་ཀྱང་ རླབས་ཆེན་གྱི་བུད་མེད་ཁོང་གིས་འབྲི་བཞེངས་བྱས་པ་ཆགས་ཡོད་པས།   ཀིང་ལ་རྗེས་དྲན་ཞུ་སྐབས་རཱོ་སཱ་པཀ་ལ་ཡང་རྗེས་དྲན་ངེས་པར་ཞུ་དགོས་ངེས་འདུག
མི་རིགས་ནག་པོ་ཚོ་སྤྱི་སྤྱོད་རླངས་འཁོར་ནང་དུ་མི་འགྲོ་རྒྱུའི་ལས་འགུལ་ཁྲོད།   མི་རིགས་ནག་པོའི་བུད་མེད་ཅིག་གིས་ང་སྒེར་གྱི་ཁེ་ཕན་ཆེད་དུ་རྐང་ཐང་ལ་འགྲོ་ ཡི་མེད།  ང་རང་གི་བྱིས་པ་དང་མ་འོངས་པའི་བུ་རབས་ཚ་རྒྱུད་ཚོའི་ཆེད་དུ་རྐང་ཐང་ལ་འགྲོ་ ཡི་ཡོད་ཅེས་བཤད་པ་ལྟར། ང་ཚོས་ཀྱང་མིག་མདུན་གྱི་དཀའ་ངལ་ལ་ཞེད་ཅིང་།  སྟབས་བདེ་དང་བསྟུན་མཁས་ཁོ་ན་མིན་པར།  མ་འོངས་བུ་རབས་ཚ་རྒྱུད་ཚོའི་ཆེད་དུ་ད་ལྟའི་ཕྱི་ནང་གི་དཀའ་ངལ་ལ་གདོང་གཏད་དེ།  ཕ་སའི་བདག་དབང་ངེས་པར་བརྩོད་དགོས་པ་མ་ཡིན་ནམ།
དེ་རྗེས་སྒེར་འཁོར་དང་བླངས་ཞབས་ཞུ་བའི་ཁ་ལོ་བ་ཁག་ཅིག་འཛིན་བཟུང་བྱས་པ་དང་།  ཁག་ཅིག་གི་ཁ་ལོ་བའི་ལག་འཁྱེར་འཕྲོགས་པ་སོགས་ཀྱི་དཀའ་ངལ་འཕྲད་སྐབས། ཀིང་གིས་སྙིང་སྟོབས་ཞུམ་མེད་ཀྱིས་རྒྱུན་འཆང་དགོས་པའི་ཡར་སྐུལ་གནང་།
ཁོང་གིས་ཕྱི་ལོ་ ༡༩༦༤ ལོར་དགུང་ལོ་ ༣༥ ཐོག་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་སྐབས་ལས་འགུལ་འདི་ནི་བློ་ཐག་ཆོད་པོ་དང༌།  ཉེན་ཁར་འཛེམས་ཟོན་མེད་པར་རང་དབང་དང་དྲང་བདེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་ཅེས་གསུངས་པ་ལྟར།  ཁོང་གིས་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་དོན་དུ་རང་ཉིད་བློས་གཏང་བ་མ་ཟད།  དེ་ལྟར་གཞན་དག་ལ་ཡང་བློས་གཏོང་དགོས་པའི་ངོས་འཛིན་དང་བློ་རྩ་ཧ་ཅང་བརྟན་པས།  དཔལ་འབྱོར་ལ་གྱོང་གུད་དང་།  བཙོན་འཇུག  ཐ་ན་སྲོག་ཉེས་སོགས་ཇི་ཙམ་བྱུང་ཡང་ཐོག་མའི་དམིགས་ཡུལ་དང་ལས་འགུལ་མཚམས་མ་བཞག་པར་ཤར་སྐྱོད་རྒྱུན་འཆང་གནང་བ་དེ་ནི།  ཀིང་དང་མི་རིགས་ནག་པོའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་པའི་སྟོབས་ཤུགས་གཙོ་བོ་དེ་ཆགས་ཡོད་ལ།   ངས་མཐོང་བའི་ཁོང་གི་ནུས་སྟོབས་དང་།  ཡོན་ཏན་ཆེ་ཤོས་ཀྱང་དཀའ་ངལ་དང་གྱོང་གུད་ཅི་ཙམ་བྱུང་ཡང་ཕྱིར་བཤོར་མེད་པའི་རྒྱུན་འཆང་གི་སྙིང་སྟོབས་དེ་ཡིན།   ལས་འགུལ་དེ་ནི་དེང་དུས་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་བྱེད་པའི་མཚོན་རྟགས་ ལྟ་བུ་ཆགས་ཡོད།
ང་ཚོས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཛ་དྲག་སྐབས་ཉིན་ཤས་རིང་ཟ་ཁང་ཚོང་ཁང་སྒོ་བརྒྱབ་པ་ཙམ་ཡང་འགན་བློས་བཟོས་མ་བཟོད་པར་བཙན་བྱོལ་བོད་མིའི་འཚོ་བ་ལ་དོ་ཕོགས་ཡོང་ཚུལ་བརྗོད་དེ།   ལས་འགུལ་གྱི་མཐོ་རླབས་གཅོག་མཁན་མཐོ་འགོ་འཁྲིད་ནས་དམའ་ཚོང་བདག་བར་དུ་བྱུང་ མྱོང་བ་ལ་བསམ་དུས་དེ་དག་གི་བློ་སྣའི་ཟབ་ཚད་དང་རིགས་ལ་གཅེས་ཚད་མཐོང་ཐུབ་ཅིང་།  ང་ཚོར་ད་དུང་ཡང་རྒྱལ་ཁ་མ་ཐོབ་པའི་ཉེས་སྐྱོན་གཙོ་བོ་ཡང་བསམ་སྤྱོད་འདིའི་ རིགས་ཡིན་པ་ང་ཚོས་ཤེས་རྟོགས་བླང་དོར་དགོས་ངེས་འདུག
གོང་གི་བརྒྱུད་རིམ་ཁྲོད་ཉིན་ཞིག་ཀིང་གི་རླངས་འཁོར་མགྱོགས་དྲགས་པའི་ཉེས་འཛུགས་འོག་འཛིན་བཟུང་བཙོན་འཇུག་གིས་ར་བཟི་དང་ཇག་རྐུན་འཇུག་སའི་ནང་བཙོན་འཇུག་གིས་ངལ་ལས་བཀོལ།  འོན་ཀྱང་མི་མང་གི་རྒྱབ་སྐྱོར་འོག་ཡུན་རིང་མ་འགོར་བར་བཙོན་གྲོལ་བཏང་ཡང་།  དེ་ནས་བཟུང་ཁོང་གི་ཚེ་སྲོག་ལ་འཇིགས་སྐུལ་འགོ་ཚུགས་ཏེ།   ཁ་པར་དང་ཡི་གེ་བརྒྱུད་ཁོང་བཟའ་ཚང་གཉིས་ས་གནས་དེ་ནས་ཁ་མ་འབྲལ་ན་ཚེ་སྲོག་ལ་ ཉེན་ཁ་བཟོ་རྒྱུའི་འཇིགས་སྐུལ་རྒྱུན་མར་བྱས་པས།   ཉིན་ཞིག་རང་ཉིད་གསོད་ངེས་པའི་ངོས་འཛིན་གྱིས་ཚོགས་འདུ་ཞིག་ཏུ་ནམ་ཞིག་ང་ཤི་ཡོད་པའི་གནས་ཚུལ་ཐོས་ན།  ཁྱེད་ཚོས་མུ་མཐུད་ནས་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་དེ་ངའི་རེ་བ་ཡིན་ཞེས་འཇིགས་ཞུམ་མེད་པར་གསུངས།
དེ་ལྟར་མུ་མཐུད་སུན་བཙིར་འཇིགས་སྐུལ་རྒྱུན་མར་བྱས་པས།  མཚན་མོ་ཞིག་ལ་ད་ནས་རང་ནུས་ཡོད་ཚད་རྫོགས་ཤིང་གདོང་ལེན་དཀའ་བས།  ལས་འགུལ་འདི་མཚམས་འཇོག་དགོས་པའི་ཚད་ལ་སླེབས་སོང་བསམས་པའི་ཡི་ཐང་ཆད་པའང་ བྱུང་མོད།  འོན་ཀྱང་དཀོན་མཆོག་ལ་སྙན་ཞུའི་གསོལ་འདེབས་བརྒྱུད་དཀའ་ངལ་ལ་གདོང་ལེན་གྱི་དམ་ བཅའ་བསྐྱར་འཇོག་བྱས་པའི་ཉིན་ཤས་རྗེས།  བཟའ་ཟླ་དང་བུ་མོ་ནང་ལ་སྡོད་བཞིན་པའི་སྐབས་ཁང་པར་འབར་རྫས་ཀྱིས་འགས་གཏོར་ཆེན་ པོ་བཏང་ཡང་སྟབས་ལེགས་ནས་མ་བུ་གཉིས་ཀྱི་ལུས་པོར་རྨས་སྐྱོན་ཅི་ཡང་མ་བྱུང་།  སྐབས་དེར་ཀིང་རང་ཁྱིམ་དུ་འབྱོར་དུས་སྒོ་འགྲམ་ན་མི་རིགས་ནག་པོ་མང་པོ་ཞིག་ཁོང་ཁྲོས་ལག་ཏུ་གྲི་དང་མེ་མདའ་སོགས་ཁྱེར་ཅིང་།  སྤྱི་བདེ་མི་སྣས་སྟངས་འཛིན་མི་ཐུབ་པའི་གནས་སུ་ཡོད།  ཀིང་གིས་བུ་མོ་དང་བཟའ་ཟླ་བལྟས་རྗེས་ཕྱི་ལ་ཐོན་ཏེ་ནང་མི་ཚང་མ་བདེ་མོ་ཡིན་པས།  ཁྱེད་ཚོས་སེམས་ཁྲལ་མ་བྱེད།  ཁྱེད་ཚོས་མཚོན་ཆ་ཕྱིར་འཁྱེར་ནས་ནང་དུ་སོང་།  འཚེ་བ་ནམ་ཡང་མི་འོས་ལ།  ཅི་སྟེ་ང་མེད་པར་གྱུར་ནའང་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་ནས་སྤེལ་དགོས་ཞེས་ བརྗོད་དེ།  མི་རིགས་དཀར་ནག་བར་དམར་འཛིངས་འབྱུང་ལ་ཉེ་བ་དེ་ཞི་འཇགས་བཏང་།
མི་མང་ཁྲོད་ནས་ངུ་དངངས་དང་གཅེས་སེམས་ཀྱིས་ང་ཚོས་ཁྱེད་ཀྱི་ཁ་ལ་ཉན།  དཀོན་མཆོག་གིས་ཁྱོད་ལ་མགོན་སྐྱབས་གནང་བར་ཤོག་ཅེས་འབོད་བཞིན་མི་མང་ནང་དུ་ལོག དེ་ནུབ་ཀྱི་དོན་རྐྱེན་དང་ཁོང་གི་གནང་ཕྱོགས་ལ་བརྟེན་ནས་མོན་ཌ་གྷོ་མེ་རེ་ས་ ཁུལ་གྱི་མི་རིགས་དཀར་པོ་ཚོས་ང་ཚོ་ཁྱེད་ཀྱི་རྒྱབ་ན་ཡོད།  ཅེས་ཀིང་ལ་ཡི་གེ་དང་ཁ་པར་འབྱོར་ནས་རྒྱབ་སྐྱོར་གསལ་སྟོན་བྱས།
དཀའ་ཚེགས་དང་འགོག་རྐྱེན་སྣ་ཚོགས་བརྒྱུད་མཐར། ཕྱི་ལོ་ ༡༩༥༦ ལོའི་ཟླ་ ༡༢ པའི་ཚེས་ ༢༠ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་སྤྱོད་རླངས་འཁོར་ནང་མི་རིགས་དཀར་ནག་ བར་དབྱེ་འབྱེད་མི་ཆོག་པའི་བཀའ་རྒྱའི་གཏམ་བཟང་དེ་མོན་ཌ་གྷོ་མེ་རེ་ས་གནས་སུ་ འབྱོར་བ་ལྟར། སྤྱི་སྤྱོད་རླངས་འཁོར་ནང་མི་འགྲོ་བའི་ངོ་རྒོལ་དེ་ཉིན་གྲངས་ ༣༨༢ འགོར་བའི་རྗེས་སུ་རྒྱལ་ཁའི་ངང་ནས་མཇུག་བསྒྲིལ།
དེ་ལྟར་དབྱེ་འབྱེད་ལ་རྒོལ་བའི་གསར་བརྗེ་དེ་ལེགས་གྲུབ་བྱུང་བས། ལོ་ན་ཉི་ཤུ་རྩ་བདུན་ལས་མ་ཟིན་པའི་ཁོང་གི་སྙན་པ་ཨ་རིའི་ལྷོ་ནས་གོ་ལའི་ཕྱོགས་ མཐར་ཁྱབ་ཅིང་།  གསུང་བཤད་དང་། དགོང་ཟས་ལ་མགྲོན་འབོད། ཆེ་བསྟོད་ཀྱི་གཟེངས་རྟགས་དང་ཆ་རྐྱེན་མེད་པར་ལས་ཀའི་གོ་སྐབས་སྣ་ཚོགས་ཕུལ་ ཀྱང་། ཆ་རྐྱེན་མེད་པའི་ལས་རིགས་གང་ཡང་ཁས་མ་བླངས་པར།  ལྷོ་ཕྱོགས་ཀྱི་མི་རིགས་ནག་པོའི་འགོ་འཁྲིད་ཚོས་ལྷོ་ཕྱོགས་ཙམ་མིན་པར་མི་རིགས་ནག་པོ་སྤྱི་ཡོངས་ཀྱི་རང་དབང་ཆེད།  ལྷོ་ཡེ་ཤུ་ཆོས་ཀྱི་འགོ་ཁྲིད་མཐུན་ཚོགས་  Southern Christian Leadership Conference  ཞེས་པ་གསར་འཛུགས་ཀྱིས་ཀིང་ཚོགས་གཙོ་ལ་འོས་འདེམས་བྱས་པ་ལྟར་འགན་འཁུར་དེ་དང་ལེན་གནང་།
ཁོང་གིས་དེ་ལྟར་འཐབ་རྩོད་ཀྱི་དོན་དུ་ལས་གནས་དང་གོ་ཐོབ་ཡོད་ཚད་བློས་བཏང་གནང་ཡང་།  ང་ཚོ་བཙན་བྱོལ་བོད་མིའི་ནང་ཁག་ཅིག་གོ་ཐོབ་དང་མིང་གནས་ཕྲན་བུའི་དོན་དུ་སྔར་གྱི་དམ་བཅའ་དང་ལྟ་བ་ཡོད་ཚད་བློས་གཏང་བར་ཇི་མི་སྙམ་པ་འདི་ནི་མི་སྤུས་དང་མི་གཤིས་ཀྱིས་རིན་ཐང་གི་ཁྱད་པར་ལོས་ཡིན་ལ། འཐབ་རྩོད་སྙིང་ལ་འཐིམ་མིན་གྱི་གནད་དོན་ཡང་ཡིན་ངེས།
མོན་ཌ་གྷོ་མེ་རེ་ས་ཁུལ་ཡར་ཐོན་ལྷན་ཚོགས་ཀྱིས་མི་རིགས་ནག་པོའི་འོས་འཕེན་ཆེད།   ལས་འགུལ་སྣེ་ཁྲིད་བྱས་པར་འགོག་རྐྱེན་དུ་མ་འཕྲད་ཀྱང་། སྙིང་སྟོབས་ཞུམ་མེད་ཀྱིས་མུ་མཐུད་འབད་པ་གནང་སྟེ། ཕྱི་ལོ་ ༡༩༥༧ ལོར་ཝཱ་ཤིང་ཊོན་ཌི་སཱི་རུ་སྲིད་འཛིན་དམ་པ་ལཱིན་ཁོན་ Lincoln  གྱི་དྲན་རྟེན་རྡོ་རིང་མདུན་ཐང་དུ་མི་མང་སྟོང་ཕྲག་སུམ་ཅུ་ལྷག་འཛོམས་པར་ཀིང་ གིས་ངེད་ཅག་ལ་འོས་འདེམས་ཀྱི་ཐོབ་ཐང་སྤྲོད་དང་། ང་ཚོས་ཁྲིམས་གཏུགས་དང་ངོ་རྒོལ་མི་བྱེད་པར། ཚུལ་མཐུན་གྱི་ཁྲིམས་སྲོལ་གཏན་ལ་འབེབས་རྒྱུ་ཡིན་ཞེས་བཤད།
དེ་ལྟར་མི་རིགས་ནག་པོའི་ཐོབ་ཐང་སྐོར་གཏམ་བཤད་གནང་བར་ས་གནས་གང་སར་ཕེབས་དུས་ སྐུ་སྲོག་ལ་ཉེན་ཁ་ཐེངས་མང་འཕྲད་ཡོད་ཅིང་། ནང་མི་མཉམ་དུས་ཚོད་གཏང་མི་ཐུབ་པར་ཡང་ཡང་ཕྱོགས་སྐྱོད་དགོས་པས། ཀིང་གི་བདེ་འཇགས་ཐད་སེམས་ངལ་དང་།  ནང་མི་མཉམ་འཛོམས་མེད་པའི་དྲན་གདུང་གི་མིག་ཆུ་ནི། ཀིང་གི་བཟའ་ཟླ་ཁཱོ་རེ་྄ཊའི་མི་ཚེའི་ཆ་ཤས་ལྟ་བུར་གྱུར་པས།  ཐེངས་ཤོག་མོ་རང་གིས་ཀིང་ལ་ནང་མི་བསྡད་སའི་ཁང་པ་འདི་ཡང་བཟོ་བཅོས་ཐུབ་མ་སོང་།  མ་གཞི་ཁྱེད་རང་ང་ལ་བརྩེ་བ་ཡོད་དམ་ཞེས་པའི་དྲི་བ་བཏང་དགོས་གྱུར། འོན་ཀྱང་བསྡོམས་བརྒྱབ་ན་མོ་རང་གིས་བུ་ཕྲུག་བཞི་པོར་བལྟ་སྐྱོང་དང་།  དུས་ཁོམས་ཡོད་ཚད་ཀིང་གི་ལས་འགུལ་ནང་མཉམ་ཞུགས།  ཀིང་གིས་ཁོང་ལ་ཐོབ་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཨ་སྒོར་༥༤༠༠༠ ཡོད་པ་དེ་ཡང་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་ཆེད་ཞལ་འདེབས་ཕུལ་ཐུབ་པ་སོགས་ལ་བསམས་ན་ཁོང་ནི་ངོ་མ་བརྩེ་ལྡན་གྱི་བཟའ་ཟླ་ཡག་པོ་ཞིག་དང་།  རླབས་ཆེན་གྱི་བུད་མེད་ཅིག་ཡིན་པ་ར་སྤྲོད་ཐུབ་ངེས་འདུག
དེ་ལྟར་ནང་མི་ལ་འགན་འཁུར་བལྟ་རྟོགས་ཀྱི་དུས་ཚོད་མ་བྱུང་བར་ཀིང་རང་ངོས་ནས་བློ་ཕམ་དང་སྐྱོ་སྣང་གི་དབུགས་རིང་ཡང་ཡང་བཏང་དགོས་གྱུར་ཀྱང་།  མི་རིགས་ནག་པོ་ཚོའི་ཆེད་དུ་དཀའ་སྡུག་མྱོང་བ་ནི་འགན་འཁྲི་དང་རིན་ཐང་དུ་དགོངས་ཀྱི་ཡོད།
ཕྱི་ལོ་༡༩༥༧ ནས་ ༡༩༦༨ བར་ལོ་ ༡༡ རིང་ཀིང་གིས་མཱི་ལེ miles ས་ཡ་དྲུག་ལྷག་ཕྱོགས་ཕེབས་ཀྱིས་གཏམ་བཤད་ཐེངས་ཉིས་སྟོང་ལྔ་བརྒྱ་ལྷག་གནང་བ་མ་ ཟད།  ལས་འགུལ་སྣ་ཚོགས་སྣེ་འཁྲིད་དང་།  དེབ་ལྔ་རྩོམ་བྲིས་གནང་། དེ་ལྟར་རང་མི་རིགས་ཀྱི་ལས་དབང་ཆེད་འབད་རྩོན་གནང་ཆེ་བས།  མཐར་ངལ་དུབ་ཀྱིས་ལུས་ཁམས་གསོ་དགོས་པའི་གནས་དུ་གྱར་ཏེ།  མོན་ཌ་གྷོ་མེ་རེ་ས་གནས་ཡེ་ཤུ་ཆོས་ཁང་ལ་ཁོང་ཨེ་ཊི་ལཱན་ཊའི་རང་ཁྱིམ་དུ་ལོག་ སྟེ་ལུས་གསོ་དགོས་པས།  དགོངས་འཁྲོལ་ཡོང་བ་ཞུས་ནས་ཕྱི་ལོ་ ༡༩༦༠ ལོའི་ལོ་འགོར་ཕྱིར་ལོག་གནང་།
ཕྱི་ལོ་ ༡༩༦༢ ལོར་རྗོར་རྗེ་ཡཱའི་ཨལ་བྷཱ་ནཱེ་ Albany རུ་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ལུགས་སྲོལ་ལ་ངོ་རྒོལ་གྱིས་གོམ་བགྲོད་སོགས་ལས་འགུལ་སྣ་མང་སྤེལ་བར་མི་རིགས་ནག་པོས་རྒྱབ་སྐྱོར་དང་མཉམ་ཞུགས་ ཧ་ཅང་ཚད་མཐོ་ཐོབ་རུང་། མི་རིགས་ནག་པོ་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད།  ཀིང་ཡང་ཐེངས་གསུམ་འཛིན་བཟུང་གིས་ལས་འགུལ་དེ་ཕམ་ཁའི་ཁྲོད་ནས་གྲུབ་འབྲས་མེད་པར་གྱུར་པས། སྤྱི་ཚོགས་ཁྲོད་ཀིང་དང་འཚེ་མེད་ཞི་བ་གཉིས་རྩ་མེད་དུ་གྱུར་ཚར་རེད་ཟེར་མཁན་བྱུང་ཡང་།  ཕམ་ཁ་དང་སྐྱོན་བརྗོད་ལ་ཡིད་མ་ཞུམ་པར་ནོར་འཁྲུལ་ངོས་ལེན་དང་།  ནོར་འཁྲུལ་ལས་ཉམས་མྱོང་བླངས་ཏེ། འཚེ་མེད་ཞི་བ་ནི་ནུས་མེད་ཅིག་མ་ཡིན་པའི་བདེན་དཔང་བྱ་རྒྱུའི་བློ་ཐག་བཅད།
དེ་ལྟར་ཁྱེད་ནི་རང་གི་མི་རིགས་ཀྱི་ཐོབ་ཐང་ཆེད།  སྐྱོན་བརྗོད་དང་གནས་སྐབས་ཀྱི་ཕམ་ཁ་ལ་མགོ་མ་བསྒུར་བར་རང་ཉིད་ཀྱི་དཀའ་སྡུག་མྱོང་ཞིང་།  ཚེ་སྲོག་ཀྱང་བློས་གཏང་ཕོད་པའི་འཐབ་རྩོད་པ་ངོ་མ་ཞིག་དང་། གཞན་ལ་ཡང་དེ་ལྟར་སྐུལ་སློང་སྣེ་འཁྲིད་ཕོད་པའི་དབུ་ཁྲིད་སྙིང་སྟོབས་ཅན་ཞིག མདོར་ན་ཁྱོད་ནི་ངོ་གནོངས་མི་དགོས་པའི་དཔའ་བོ་ཞིག་དང་།  མིང་དོན་མཚུངས་པའི་འགོ་འཁྲིད་ཅིག
དེ་སྔོན་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ལམ་སྲོལ་མཚམས་འཇོག་དགོས་ཚེ། གཞུང་ལམ་ཡོད་ཚད་ལ་ཁྲག་གི་ཡོར་བུ་འཐེན་དགོས་ཞེས་བཤད་པ་དང་།  མི་རིགས་ནག་པོའི་ཁྱིམ་ཚང་ཁག་ཅིག་འབར་རྫས་ཀྱིས་གནོད་འཚེ་ཕོག་མྱོང་བའི་གྲོང་ཁྱེར་བྷིར་མིན་གྷཱམ་ Birmingham དུ་ངོ་རྒོལ་གྱི་སྐད་ཆ་བཤད་རྒྱུ་ཙམ་ལ་ཡང་འཇིགས་སྣང་བྱེད་པས།  ས་གནས་དེར་ལས་འགུལ་སྤེལ་ན་འཚམས་ཤོས་ཡིན་པའི་ངོས་འཛིན་གྱིས་ལས་འགུལ་སྤེལ་བས།  རིམ་བཞིན་བཙོན་ཁང་ཡོངས་ལས་འགུལ་བས་ཁེངས་པར་གྱུར།
དྲང་བདེན་གྱི་ཆེད་བཙོན་དུ་འཛུལ་བ་ནི་འགན་འཁུར་དང་དགའ་སྤོབས་དགོས་པ་རེད་ཅེས་མི་མང་ལ་སྐུལ་ལྕགས་བཏང་མྱོང་བས། གོམ་བགྲོད་ཀྱི་ལས་འགུལ་གཞན་ཞིག་སྤེལ་ཏེ་ཀིང་རང་ཉིད་ཀྱང་བཙོན་དུ་འགྲོ་ རྒྱུའི་འཆར་གཞི་བསྒྲིགས་པར།  ཁྱེད་རང་བཙོན་དུ་ཚུད་ན།  ང་ཚོའི་ལས་འགུལ་ཕམ་ཉེས་འབྱུང་ངེས་རེད་ཅེས་ཤོད་མཁན་བྱུང་བའི་གནད་དོན་དེ་ལ་ཡང་བསམ་བློ་གཏང་དགོས་གྱུར་པའི་ཐེ་ཚོམ་དང་།  སྐྱོ་སྣང་ཁྲོད་ནས་མཐར་རང་ཉིད་ངེས་པར་བཙོན་ཁང་ནང་འགྲོ་དགོས་པའི་ངེས་ཤེས་བརྙེད་ཅིང་།  ཕྱི་ཉིན་གོམ་བགྲོད་ཀྱིས་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་བསྐྱོད་པས།   མཐར་གོམ་བགྲོད་པ་རྣམས་འཛིན་བཟུང་གིས་ཀིང་ཁེར་རྐྱང་དུ་གུ་དོག་པའི་མུན་ནག་ཁང་ཞིག་ལ་བཙོན་འཇུག་གིས་མི་གཅིག་ཀྱང་ཐུག་འཕྲད་བྱེད་དུ་མ་བཅུག
ཉིན་བརྒྱད་ཀྱི་རྗེས་སུ་བཙོན་ཁང་ལས་ཐར་རྗེས་ན་གཞོན་སློབ་མ་རྣམས་ལ་ཡང་རང་དབང་གི་དོན་དུ་ལས་འགན་དང་ཐོབ་ཐང་ཡོད་པས།  སློབ་ཕྲུག་ཚོ་ལས་འགུལ་ལ་ཞུགས་དགོས་ཞེས་སྐུལ་སློང་བྱས་པས།  སྤྱི་ཟླ་ ༥ པའི་ཚེས་ ༢ ཉིན་ན་ཆུང་སློབ་མ་ཆིག་སྟོང་ལྷག་གོམ་བགྲོད་བྱས་ཏེ་བཙོན་ཁང་དུ་སོང་།
ཕྱི་ཉིན་སྐོར་སྲུང་བས་གོམ་བགྲོད་པ་རྣམས་ལ་དབྱུག་པ་བཞུས་པ་དང་།  ཁྱིས་རྨུགས་བཅུག་པ་སོགས་དྲག་གནོན་ཤུགས་ཆེན་བྱེད་པས།  ལས་འགུལ་ལ་ཕྱོགས་མང་པོ་ནས་རྒྱབ་སྐྱོར་དང་ལས་འགུལ་རྒྱ་ཇེ་ཆེར་སོང་སྟེ། མི་རིགས་ནག་པོ་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་གོམ་བགྲོད་ཀྱིས་བཙོན་ཁང་ཡོད་ཚད་ཁེངས་པ་མ་ཟད།  གཞུང་ལམ་ཐོག་ཏུ་ཡང་མི་རིགས་ནག་པོས་ཁེངས་ཏེ།  མཐར་ཁོང་ཚོའི་དགོས་འདུན་ཚང་མ་དང་ལེན་གྱིས་ལས་འགུལ་ལེགས་གྲུབ་བྱུང་།
དེ་ལྟར་གྲོང་ཁྱེར་བྷིར་མིན་གྷཱམ་གྱི་རྒྱལ་ཁ་དེས་མི་རིགས་ནག་པོ་སྤྱི་ཡོངས་ ཀྱི་སེམས་ཤུགས་དང་རེ་བ་ལ་སྐུལ་འདེད་ཤུགས་ཆེན་བྱུང་སྟེ།  ཕྱི་ལོ་ ༡༩༦༣ ལོའི་དབྱར་ཁར་ཨ་རིའི་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ནག་པོ་ཚོས་ཡར་ལངས་བྱས་ ཤིང་།   གཞུང་ལམ་ཐོག་གོམ་བགྲོད་ཀྱིས་འགྲིམ་འགྲུལ་དང་ཉོ་ཚོང་བཀག་པའི་ལས་འགུལ་སྤེལ།
ཕྱི་ལོ་ ༡༩༦༣ ལོའི་ཟླ་ ༨ པའི་ཚེས་ ༢༨ ཉིན་ཨ་རིའི་མངའ་སྡེ་ཁག་ནས་མི་མང་ཉིས་འབུམ་ལྔ་ཁྲི་ལྷག་ཝཱ་ཤིང་ཊོན་ཌེ་སི་  Washington DC ལ་འདུ་འཛོམས་གོམ་བགྲོད་ཀྱིས་ལཱིན་ཁོན་དྲན་གསོའི་རྡོ་རིང་མདུན་དུ་གཟི་བརྗིད་ དང་དགའ་འབོད་ཀྱི་ཁྲོད་ནས་ང་ལ་རྨི་ལམ་ཞིག་ཡོད་ཅེས་པའི་གཏམ་བཤད་ལོ་རྒྱུས་རང་ བཞིན་དེ་གནང་། སྐབས་དེར་ཀིང་གིས་ཉིན་ཞིག་ནིའུ་ཡོག་ New York གི་རི་ཆེན་ཡོད་ཚད་ཀྱི་སྟེང་ནས་རང་དབང་གི་ཅོང་སྒྲ་སྒྲོག་པར་སྨོན་ཞེས་གསུངས་པ་ལྟར།  ད་ཆ་རྒྱ་ནག་གི་བཙན་འཛུལ་འོག་ནས་ཤར་ཕྱོགས་ཨེ་ཤ་ཡའི་སྐྱབས་བཅོལ་བ་ང་ཡང་རང་ ཡུལ་དུ་རང་དབང་ཤོར་རྗེས་ནིའུ་ཡོག་གི་རི་འདབ་ལ་རང་དབང་གི་ཅོང་སྒྲ་དེ་ལོངས་སུ་སྤྱོད་བཞིན།  ནམ་ཞིག་ངའི་རྒྱལ་ཁབ་ཀྱི་རི་བོ་ཡར་ལྷ་ཤམ་པོའི་དབུ་རྩེ་ནས་ཀྱང་རང་དབང་རང་བཙན་ གྱི་ཅོང་སྒྲ་དེ་སྒྲོག་པར་སྒུག་ནས་ཡོད་པས།  ཁྱེད་ཀྱི་བདེན་མཐུ་དང་རྣམ་ཤེས་དེས་བོད་ཀྱི་མ་འོངས་པའི་རང་དབང་རང་བཙན་ལ་ཡང་མགོན་སྐྱབས་དཔུང་གཉེན་མཛོད་ཅིག
ད་དུང་སྐབས་དེར་ཀིང་གིས་ནམ་ཞིག་ངའི་བྱིས་པ་བཞིའི་གནས་བབས་ཤ་མདོག་ལ་བལྟས་ནས་ ཐག་གཅོད་མི་བྱེད་པར།  མིའི་རང་གཤིས་ལ་བལྟས་ནས་ཐག་གཅོད་པའི་རྒྱལ་ཁབ་ཅིག་གི་ནང་དུ་མི་ཚེ་སྐྱེལ་ཐུབ་ པའི་རྨི་ལམ་ཞིག་ཡོད་ཅེས་གསུངས་པ་ལྟར།  རང་གི་བུ་མོ་བྷེར་ནཱ་ཡེ་སི་ཨཱལ་བྷེར་ཊིན་ཀིང་ Bernice Albertine King  ཕྱི་ལོ་ ༢༠༠༩ ལོར་ལྷོ་ཕྱོགས་ཡི་ཤུ་དབུ་འཁྲིད་ལྷན་ཚོགས་ Southern Christian Leadership Conference ཀྱི་ཚོགས་གཙོར་འོས་འདེམས་ཀྱིས་འགན་འཁུར་བཞེས་ཡོད་ཅིང་། དེ་ནི་ལྷན་ཚོགས་དེའི་ལོ་རྒྱུས་ནང་བུད་མེད་ཅིག་གོ་གནས་དེར་འདེམས་ཐོན་བྱུང་བ་ ཐོག་མ་ཡིན། ད་དུང་ད་ལྟ་མི་རིགས་ནག་པོ་ཞིག་གིས་ཕོ་བྲང་དཀར་པོའི་ཨ་རིའི་སྲིད་འཛིན་གྱི་ ཁྲི་འཕངས་བཟུང་སྟེ།  ཁྱེད་ཀྱི་རྨི་ལམ་ཡོངས་སུ་མངོན་གྱུར་བྱུང་སོང་།
སྐབས་དེར་མི་རིགས་ནག་པོའི་རྒྱལ་ཁ་དང་མདུན་སྐྱོད་དེར་མི་རིགས་དཀར་པོ་ལྟ་བ་ མཁྲེགས་འཛིན་ཅན་རྣམས་མ་དགའ་བས། མི་རིགས་ནག་པོའི་འོས་བསྡུའི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་མེ་གྷར་ཨེ་ཝེར་ སི་Medgar Evers དང་།  མི་རིགས་ནག་པོའི་སློབ་ཕྲུག་བུ་མོ་བཞི་བཅས་བསད་པ་མ་ཟད། ཕྱི་ལོ་ ༡༩༦༣ ལོའི་ཟླ་ ༡༡ པའི་ཚེས་་༢༢ ཉིན་སྲིད་འཛིན་ཀེན་ནའེ་ཌི་སྐུ་སྲོག་ཀྱང་ལག་དམར་བས་ལྐོགས་བཀྲོངས་བྱས།
དེ་རྗེས་སྲིད་འཛིན་གསར་པ་ལཱན་ཌོན་བྷི་ཇཱོན་སཱོན་ Lyndon B. Johnson མཆོག་གིས་གྲོས་ཚོགས་ནང་གཏམ་བཤད་གནང་སྟེ། དེ་སྔོན་སྲིད་འཛིན་ཀེན་ནའེ་ཊེ་མཆོག་གིས་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་ པའི་ལམ་སྲོལ་མཚམས་འཇོག་ཡོང་བའི་ཁྲིམས་གཞི་རྩ་ཁྲིམས་ནང་གཏན་འབེབས་དགོས་སྐོར་ གསུངས་པ་དེ་ང་ཚོས་གཏན་འབེབས་དགོས་པ་ནི་སྲིད་འཛིན་དམ་པ་ཀེན་ནའེ་ཊེ་མཆོག་ལ་ གུས་བརྩི་དང་དྲན་གསོ་མཚོན་པའི་ལས་དོན་གལ་ཆེན་ཞིག་ཡིན་སྐོར་གསུངས་པ་ལྟར། ཕྱི་ལོ་ ༡༩༦༤ ལོའི་ཟླ་ ༧ པའི་ཚེས་ ༢ ཉིན་གྲོས་ཚོགས་ནང་ཁྲིམས་གཞི་དེ་གཏན་འབེབས་དང་། སྲིད་འཛིན་ཇཱོན་སཱོན་གྱིས་མཚན་རྟགས་བཀོད།
ཨཱ་ལཱ་བྷཱ་མཱ་དང་ལྷོ་ཕྱོགས་ཀྱི་མངའ་སྡེ་གཞན་དག་ལ་ད་དུང་ཡང་མི་རིགས་ནག་པོ་ ཚོ་ལ་ཁྲིམས་ལུགས་གྱི་དོན་ཚན་བློ་ལ་འདོན་དགོས་པ་སོགས། ཆ་རྐྱེན་དང་སུན་བཙིར་སྣ་ཚོགས་འོག་ནས་འོས་ཤོག་འཕེན་པའི་ཐོབ་ཐང་འདྲ་མཉམ་མེད།
དཔེར་ན་འོས་འཕེན་གྱི་དཀའ་ངལ་ཆེ་ཤོས་གྲས་ཨཱ་ལཱ་བྷཱ་མཱའི་སཱེལ་མ་ས་ཁུལ་དུ་མི་ འབོར་ཕྱེད་ཀ་ལྷག་མི་རིགས་ནག་པོ་ཡིན་ཀྱང་། ཁོང་ཚོའི་བརྒྱ་ཆ་གཅིག་ཙམ་གྱིས་མ་གཏོགས་འོས་ཤོག་འཕེན་ཐུབ་ཀྱི་མེད་པས། དེར་འོས་ཤོག་ཐོ་འགོད་ཆེད་དུ་ཀིང་གིས་འགོ་ཁྲིད་འོག་ཞི་བའི་གོམ་བགྲོད་ཀྱིས་ ཁྲིམས་རའི་ཕྱོགས་སུ་བསྐྱོད་པར། བདུན་ཕྲག་བདུན་གྱི་ནང་དུ་ཀིང་གི་གཙོས་མི་རིགས་ནག་པོ་ཉིས་སྟོང་ཙམ་བཙོན་ལ་ བཅུག་པ་མ་ཟད། གོམ་བགྲོད་པ་མི་རིགས་ནག་པོ་ན་གཞོན་ཇཱག་སོན་Jackson ལས་འགུལ་གྱི་དྲག་གནོན་ཁྲོད་ནས་ཟ་ཁང་ནང་གབ་ཡིབ་སྐབས། ཨ་མའི་མིག་མདུན་ལ་གཞུང་དམག་གིས་མེ་མདའ་བརྒྱབ་སྟེ་བསད། འོན་ཀྱང་ཀིང་གིས་རྒྱབ་བཤིགས་དང་ཐེ་ཚོམ་མེད་པར་མུ་མཐུད་དེ། མོན་ཌ་གྷོ་མི་རེ་མངའ་སྡེའི་གྲོས་ཚོགས་ཁང་བར་ཞི་བའི་གོམ་བགྲོད་ཀྱིས་ངོ་རྒོལ་ ལས་འགུལ་སྤེལ་བར་གྲ་སྒྲིག་གི་བརྒྱུད་རིམ་དུ་ངས་ཁྱེད་ཀྱི་ཁྱིམ་དུ་འབར་རྫས་ མི་གཡུག་པའི་འགན་ལེན་མི་ཐུབ་ལ། ཁྱེད་ཀྱིས་གཅར་རྡུང་མི་མྱོང་བའི་ཁག་ཐེག་དེ་བས་ཀྱང་མི་ཐུབ། འོན་ཀྱང་ང་ཚོ་མི་རིགས་ཀྱི་དྲང་བདེན་ཆེད་དུ་ངེས་པར་ཡར་ལོངས
བྱ་ དགོས་ཞེས་གཏམ་བཤད་གནང་བར། མི་རིགས་ནག་པོ་ཚོས་གཅར་རྡུང་དང་། ཉེན་ཁ་དང་དུ་ལེན་རྒྱུའི་ཆོད་སེམས་ཀྱིས་ཀིང་ལ་ལག་འཇུ་དང་འཛུམས་མདངས་འདྲེས་ པའི་མིག་ཆུའི་ཀློང་ནས་བརྩི་བཀུར་གཅེས་སེམས་དང་དགའ་སྤོབས་ཀྱི་ཁྲོད་ནས་གཏམ་ བཤད་མཇུག་བསྒྲིལ་རྗེས་གོམ་བགྲོད་ཀྱི་བརྒྱུད་རིམ་དུ་གཅར་རྡུང་དང་། བཙོན་འཇུག ཚེ་སྲོག་ཤོར་བ་སོགས་ཀྱི་དཀའ་ཉེན་འོག་ལས་འགུལ་རྒྱུན་འཆང་སྤེལ་བས། མཐར་སྲིད་འཛིན་རྗོན་སན་གྱིས་གྲོས་ཚོགས་ནང་འོས་ ཤོག་འཕེན་པའི་ཐོབ་ཐང་གི་ཁྲིམས་གཞི་གསར་པ་གཏན་འབེབས་དགོས་པའི་གྲོས་འཆར་བཏོན་ པ་ལྟར། རྩ་ཁྲིམས་ནང་གཏན་ལ་ཕབ་པས། དེ་སྔོན་འོས་ཤོག་འཕེན་པར་ཡིག་རྒྱུགས་གཏོང་དགོས་པ་སོགས་མེད་པར་གྱུར་ཏེ་ལས་ འགུལ་ལ་རྒྱལ་ཁ་ཐོབ།
འོན་ཀྱང་ས་ཁུལ་ཁ་ཤས་ནང་མི་རིགས་ནག་པོ་མང་པོ་ཞིག་ད་དུང་ཡང་ལས་མེད་དང་། ལས་ཀ་ཡོད་ཀྱང་གླ་ཆ་ཧ་ཅང་ཆུང་བ། ས་བདག་ལ་ཁྲལ་དང་། སྡོད་ཁང་གི་མཐུན་རྐྱེན་ཧ་ཅང་ཞན་པ་སོགས། དབུལ་ཕོངས་ཀྱི་མི་ཚེ་ལ་རེ་བ་ཟད་དེ། ཕྱི་ལོ་ ༡༩༦༤ ལོའི་ཚ་བ་ཆེ་བའི་དབྱར་དུས་སུ་ནེ་ཝཱག Newark སོགས་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཁ་ཤས་ནང་འཚོ་ཐབས་ཞན་པའི་མི་རིགས་ནག་པོ་ཚོ་ནང་ ཁུལ་ཟིང་འཁྲུག་ལངས་ཤིང་། མི་རིགས་ནག་པོ་ཁག་ཅིག་གིས་ཁང་པ་མེར་བསྲེགས་དང་། ཚོང་ཁང་འཕྲོག་བཅོམ། སྤྱི་བདེ་མི་སྣ་དང་དམག་མི་ལ་འཁྲུག་རྩོད་སོགས་བྱས་པས། གཏོར་བཅོམ་ཁྲོད་མི་བརྒྱ་ལྷག་གི་ཚེ་སྲོག་ཤོར། སྐབས་དེར་མི་རིགས་ནག་པོ་ཞིག་གིས་ཨ་རི་རྒྱལ་ཁབ་འདི་ང་ཚོའི་འདོད་མོས་ཀྱི་ ཕྱོགས་སུ་མི་འགྲོ་ན་ང་ཚོས་ཨ་རི་རྒྱལ་ཁབ་མེ་ལ་བསྲེག་ཆོག་ཅེས་ཀྱང་ཤོད་པའི་ གནས་བབ་སྡུག་པོ་ཞིག་ལ་སླེབས།
མི་རིགས་ནག་པོའི་ཟིང་འཁྲུག་དེས་ཀིང་ལ་སེམས་སྡུག་ཧ་ཅང་བྱུང་ཞིང་། ཁོང་ཚོའི་འཚོ་བའི་གནས་བབ་ཇེ་ལེགས་སུ་འགྲོ་ཆེད་དང་། སློབ་སྦྱོང་གི་གོ་སྐབས་དང་། ལས་ཀ་ཡག་པོ་རག་ཆེད་གོམ་བགྲོད་ཀྱི་ལས་འགུལ་རིམ་པ་དུ་མ་སྤེལ།
ཟླ་ ༨ པའི་ཚེས་ ༦ ཉིན་གོམ་བགྲོད་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བར། མི་རིགས་དཀར་པོ་སྟོང་ཕྲག་ཁ་ཤས་ཀྱིས་གོམ་བགྲོད་པ་ཚོ་ལ་གྲི་དང་། རྡོ། ཤེལ་དམ་དང་བྱ་སྒོང་སོགས་གཞུས། ཀིང་གི་མགོ་ལའང་རྡོ་བཞུས་ཏེ་ཁོང་ས་ལ་བསྒྱེལ་ཀྱང་། ཡར་ལངས་ནས་མུ་མཐུད་དུ་ཞི་བའི་གོམ་བགྲོད་གནང་བར། ད་དུང་ཀིང་ལ་གྲི་མདའ་གཡུགས་ཅིང་གསོད་རྩིས་བྱས་ཀྱང་། གྲི་དེ་ཁོང་ལ་མ་ཕོག་པར་མི་རིགས་དཀར་པོའི་གཞོན་ནུ་ཞིག་གི་སྐེ་ལ་ཟུག
འོན་ཀྱང་ཀིང་གིས་ད་དུང་ཡང་སྙིང་སྟོབས་མ་ཞུམ་པར། མུ་མཐུད་ཞི་བའི་གོམ་བགྲོད་སྣེ་འཁྲིད་དང་འབོད་སྐུལ་གྱིས་ལས་འགུལ་རྒྱུན་འཆང་གནང་།
ཕྱི་ལོ་ ༡༩༦༨ ཟླ་ ༣ པའི་ནང་དུ་ཀྲེ་ནེ་སེའི་Tennessee ཡི་མཱེམ་ཧྥི་སི་ Memphis ལ་གད་སྙིགས་གཙང་བཟོའི་ལས་མི་ཡིན་པ་མི་རིགས་ནག་པོ་ཚོས་ལས་མཚམས་བཞག་སྟེ་ངོ་ རྒོལ་བྱེད་བཞིན་ཡོད་སར་ཀིང་ཕེབས་ནས་ཁོང་ཚོའི་གླ་ཆ་འཕར་སྣོན་ཆེད། ཀིང་གོམ་བགྲོད་བྱ་ཆེད་སླར་ཡང་ཕྱིར་མཱེམ་ཧྥི་སི་ལ་ཕེབས།
ཕྱི་ ཟླ་ ༤ པའི་ཚེས་ ༣ ཉིན་ཁོང་གིས་གཏམ་བཤད་ཅིག་གནང་སྐབས། ཁོང་མཱེམ་ཧྥི་སི་རུ་གསོད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་བྱུང་། ཡིན་ནའང་ད་ལྟ་ང་རྒྱལ་ཁའི་རི་རྩེ་ལ་སླེབས་ཟིན་ཅིང་། ངས་རི་རྩེ་ནས་རྒྱང་ལྟ་བྱས་པས་ཕུགས་བསམ་གྱི་འཇིག་རྟེན་དེ་མཐོང་བྱུང་བས། ང་འཆི་བ་ལ་འཇིགས་སྣང་མི་འདུག ང་ཁྱེད་ཚོ་དང་མཉམ་དུ་གནས་དེར་སླེབས་མི་ཐུབ་པ་ཡོང་སྲིད་མོད། འོན་ཀྱང་ངས་དོ་དགོང་ཁྱེད་ཚོར་ང་ཚོ་ཕུགས་བསམ་གྱི་ཡུལ་གྲུ་ལ་སླེབས་ཐུབ་པའི་ མི་རིགས་ཤིག་ཡིན་པ་ཤེས་འཇུག་འདོད་ཡོད་ཅེས་གསུངས། དེ་ནི་ཀིང་གི་ཆེས་མཐའ་མའི་གཏམ་བཤད་དུ་གྱུར།
དེའི་ཕྱི་ཉིན་སྟེ་ཕྱི་ལོ་ ༡༩༦༨ ། ༤། ༤ ཊེ་ནེ་སི་མཱེམ་ཧྥིསི་ལཱོ་ར་ནེ་མགྲོན་ཁང་ Lorraine Motel in Memphis, Tennessee ཀིང་བཞུགས་ཡུལ་དུ་ལས་རོགས་ཚོ་དང་མཇལ་ཅིང་། སེམས་དཔའ་ཆེན་པོ་གྷན་དྷི་དང་ཡེ་ཤུ་སྟོན་པ་གཉིས་ཀྱི་སྐུ་ཚེའི་མཛད་པ་སྐོར་ གཏམ་གླེང་དང་། ད་ནི་ང་འཆི་བ་ལ་གཏན་ནས་མི་སྐྲག་མཁན་ཞིག་ཏུ་གྱུར་འདུག་གསུངས་རྗེས། དགོང་མོའི་ཞལ་ལག་མ་མཆོད་གོང་ངལ་གསོ་ཆེད། ཁང་པའི་ཁྱམས་རའི་ནང་དུ་ཕེབས་ནས་ཁྱམས་རའི་འོག་ན་ཡོད་པའི་གྲོགས་པོ་གཉིས་ལ་ཁ་ བརྡ་བྱེད་བཞིན་པའི་སྐབས། ཀིང་འདུག་སའི་ཕར་ཕྱོགས་ཁང་པ་ཞིག་ནས་གློ་བུར་མེ་མདའི་སྐད་ཅིག་གྲགས་པ་དང་། མདེའུ་དེས་ཀིང་གྱང་ངོས་ལ་ཤེད་ཀྱིས་བརྡབས་ཏེ་ས་ལ་འགྱེལ། སྐེའི་རྨ་ཁ་ནས་ཁྲག་དམར་ལྷོག་ལྷོག་ཏུ་བཞུར་བཞིན་ཛ་དྲག་ངང་མཱེམ་ཧྥི་སི་ས་གནས་ སྨན་ཁང་ལ་ཁྱེར་ཏེ། མྱུར་སྐྱོབ་ཞུས་ཀྱང་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་སྐྱེས་མཆོག་ཁོང་དགུང་གྲངས་ ༣༩ ཐོག་གཏན་དུ་སྐུ་གཤེགས།
དབུལ་ཕོངས་ཀྱི་གནས་སུ་གྱར་བའི་མི་རིགས་དཀར་ནག་ཚང་མར་ཡོང་འབབ་ལེགས་པའི་ལས་ཀ་ རེ་ཐོབ་ཆེད། གྲོས་ཚོགས་ནང་དེའི་སྐོར་ཁྲིམས་གཞི་ཞིག་གཏན་འབེབས་ཡོང་སླད། ཝ་ཤིང་ཊོན་ཌི་སི་རུ་དབུལ་ཕོངས་ཀྱི་གནས་སུ་གྱར་བའི་མི་རིགས་དཀར་ནག་གཉིས་མཉམ་ དུ་ཕྱི་ལོ་༡༩༦༨ ལོའི་སྤྱི་ཟླ་༤ པའི་ཚེས་༢༢ གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུའི་འཆར་གཞི་ལོ་འགོ་ནས་བཞག་པ་དེ་ཡང་དེ་ ལྟར་ཤུལ་དུ་ལུས།
ཀིང་གི་སྐུ་ཕུང་ཨེ་ཊི་ལཱན་ཊ་ས་ཆར་ཕྱིར་གདན་ཞུས་ཀྱིས་དེ་སྔོན་ཡབ་དང་ལྷན་ཕྱག་ ལས་གནང་ཡུལ་ཨེ་བྷེ་ནེ་ཛེར་ Ebenezer ཡེ་ཤུ་ལྷ་ཁང་ཆུང་ངུ་དེའི་ནང་ཟླ་ ༤ པའི་ཚེས་ ༩ སྟེ་རེས་གཟའ་མིག་དམར་ཉིན་ཕུང་པོ་དུར་འཇུག་གི་མཛད་སྒོར་ཀིང་གི་སྐུ་ཟླ་ཀོ་རེ་ ཌཱ་དང། ཁོང་གཉིས་ཀྱི་ནར་མ་སོན་པའི་བྱིས་པ་བཞི་དང་། ལྷ་ཁང་ཆུང་ངུ་དེའི་ཕྱི་ནང་ལ་མི་དམངས་སྟོང་ཕྲག་མང་པོས་སྐྱོ་གདུང་དང་དྲན་ སེམས་འཁྱེར་ནས་འཛོམས་པའི་དབུས་སུ་གནད་ཡོད་མི་སྣ་ཚོས་གཅིག་གཉིས་མཐུད་ཀྱིས་ ཀིང་གི་མཛད་རྗེས་གླེང་ཞིང་མྱ་ངན་དང་གུས་སེམས་མཚོན་པར་བྱས།
མི་སྒེར་ཅིག་ལ་མཚོན་ན་འཕྲེང་སེམས་དང་སྐྱོ་སྣང་ཆེ་ཆོས་དེ་ནི། ཁོང་གྲོངས་སྐབས་ཕྲུ་གུ་ཆེ་ཤོས་བུ་མོ་ཡཱོ་ལན་དྷ་ཌེ་ནི་སི་ཀིང་ Yolanda Denise King རང་ལོ་ ༡༢་དང་། ཕྲུ་གུ་ཆུང་ཤོས་བུ་མོ བྷེར་ནཱ་ཡེ་སི་ཨལ་བྷེར་ཊེན་ཀིང་ Bernice Albertine King རང་ལོ་ ༥ ཙམ་ཡིན་པ་བཅས་བྱིས་པ་ཆུང་ཆུང་བཞི་ཨ་ཕ་མེད་པའི་དྭ་ཕྲུག་ཏུ་ལུས་པ་དེ་ཡིན། སྐྱོ་སྣང་དེ་དང་གྱེས་བྲལ་གྱི་ན་ཟུགས་དེ་ཁོང་གིས་སྔོན་ཚུད་ནས་ཤེས་ཡོད་ཀྱང་། མི་རིགས་ཀྱི་རང་དབང་གི་དགོད་སྒྲ་དེའི་ཆེད་དུ་གྱེས་བྲལ་གྱི་ན་ཟུག་དང་སྐྱོ་ གདུང་དེ་ཤེས་བཞིན་དང་དུ་བླངས་པ་ནི་ངོ་མ་ཇི་འདྲའི་བསམ་བརྗོད་དཀའ་བའི་རླབས་ ཆེན་ཞིག
དུར་འཇུག་གི་མཛད་སྒོ་དེར་སྐྱོ་གདུང་དང་བསམ་གཞིགས་ཆེ་ཤོས་ཞིག་ནི། དེ་སྔོན་ཀིང་གིས་ལྷ་ཁང་ནང་དུ་ཁོང་གི་ཆོས་ཀྱི་མཛད་སྒོ་མཐའ་མའི་སྐབས་གནང་བའི་ གཏམ་བཤད་ཅིག་རྒྱང་གྲགས་ནས་བསྐྱར་གཏོང་བྱས་པ་དེ་ཡིན་ཅིང་། གསུང་བཤད་དེའི་ནང་དུ་ཁོང་གིས་ངའི་དུར་འཇུག་གི་ཆེད་དུ་སླེབས་པའི་མི་རྣམས་ལ་ བཤད་རྒྱུར། ང་ལ་དུར་འཇུག་གཟབ་རྒྱས་ཤིག་བྱ་རྒྱུའི་རེ་བ་མེད་ལ། ནོ་སྦེལ་ཞི་བདེའི་གཟེངས་རྟགས་སོགས་གཟེངས་རྟགས་མང་པོ་ཐོབ་པའི་སྐོར་ སོགས་མ་བཤད་རོགས། དེ་ཚོ་ནི་གལ་ཆེན་པོ་ཞིག་མ་རེད། དེ་ལས་ཀིང་གིས་མི་ཚེ་ཧྲིལ་བོར་གཞན་ལ་ཞབས་འདེགས་ཞུ་རྒྱུའི་འབད་བརྩོན་བྱས་ མྱོང་བ་དང་། ཀིང་གིས་མི་གཞན་བརྩེ་བས་སྐྱོང་རྒྱུར་འབད་པ་བྱས་མྱོང་ཡོད་པ་རེད་ཟེར་རྒྱུ་ ཞིག་བྱུང་ན་དེ་དགའ་ཞེས་དུར་འཇུག་གི་ཞལ་ཆེམས་ལྟ་བུར་གསུངས་ཟིན་ཡོད།
དེ་ནི་འགྲོ་བ་མི་ཞིག་གི་མི་ཚེའི་དོན་སྙིང་ངོ་མ་དེ་གང་ཞིག་ཐོབ་པ་དེ་མིན་པར། གང་ཞིག་བསྒྲུབས་པ་དེ་མི་ཚེའི་རིན་ཐང་ཡིན་པ་གསལ་སྟོན་གྱིས་ཁོང་གིས་སོ་སོའི་ མི་ཚེར་བློ་ཁ་ཚིམས་པའི་བསྡོམས་ཚིག་མཛད་ཡོད་ལ། ཕྱི་རབས་པ་ཚོར་ཡང་རིན་ཐང་ཅན་གྱི་ལམ་སྟོན་བསྩལ་ཡོད་པས། བསྡོམས་ཚིག་འདི་དང་ལམ་སྟོན་འདིའི་དོན་སྙིང་གསལ་རྟོགས་ཕྱིར་དྲན་རེ་ཐུབ་ན་ང་ ཚོས་ཀྱང་མི་ཚེའི་ལག་རྗེས་ཕྲན་བུ་རེ་འཇོག་ཐུབ་པའི་རེ་བ་ཡོད་ལ། མ་མཐའ་ཡང་རང་ཉིད་ཁེ་ཕན་རིང་ལུགས་ཀྱི་སྐབས་འཚོལ་བ་ཞིག་མི་ཆགས་པར། གནོངས་འགྱོད་མེད་པའི་མི་ཚེ་རྣལ་མ་ཞིག་མཇུག་སྒྲིལ་ཐུབ་ངེས་ཡིན།
ཁོང་གི་དུར་འཇུག་རྒྱས་སྤྲོས་མི་དགོས་པའི་ཞལ་ཆེམས་ལྟར། པུར་སྒམ་དེ་ཤིང་རྟ་འཁོར་ལོ་རྙིང་པ་ཞིག་གི་སྟེང་ལ་བཞག་ནས་དྲེལ་གཉིས་ལ་འདྲུད་ དུ་བཅུག་པའི་རྐང་རྗེས་སུ་མི་མང་འབུམ་ལ་ཉེ་བས་སྐུ་ཕུང་གི་རྗེས་བསྙེགས་ཤིང་། དལ་མོས་ངང་གོམ་བགྲོད་ཀྱིས་དུར་འཇུག་བྱ་ཡུལ་དུ་བསྐྱོད་དེ་དུར་འཇུག་ཞུས། དེ་ལྟར་སྐྱོ་སྣང་གི་ཁྲོད་ནས་གདོས་བཅས་ཀྱི་སྐུ་ཕུང་ས་རུ་གཏན་དུ་ཐིམ་ཀྱང་། ཁྱེད་ཀྱི་མཛད་རྗེས་དང་ལམ་སྟོན་གྱི་འོད་སྣང་དག་ནམ་ཡང་ནུབ་པ་མེད་པར། ད་ལྟ་ད་དུང་ཡང་མིའི་སེམས་ལ་ངོ་སྤྲོད་དང་འོད་དུ་འཚེར་བཞིན་ཡོད།
ང་ཚོ་ཆོས་ལུགས་གང་དང་ལྟ་བ་ཅི་ཞིག་ཡིན། དེ་བཞིན་ཤ་མདོག་གང་དང་། རིགས་རུས་ཅི་ཞིག་ཡིན་པ་ལས་ཀྱང་གལ་ཆེ་བ་ནི། གསོན་པའི་སྐབས་ལ་ལེགས་བྱས་ཀྱི་ལག་རྗེས་ཅི་ཞིག་འཇོག་ཐུབ་མིན་དེ་གལ་ཆེ་བ་ཡིན་ པ་ཁོང་གི་ལོ་རྒྱུས་བལྟ་ཀློག་ནས་མྱོང་ཚོར་ཟབ་མོ་བྱུང་། གང་ཡིན་ཟེར་ན་ཁོང་ནི་ཤ་མདོག་ནག་པའི་མི་རིགས་ནག་པོ་ཅིག་དང་། འཇིག་རྟེན་བྱེད་པོ་ཁས་ལེན་པའི་ཡི་ཤུ་ཆོས་ལུགས་པ་ཞིག་སྟེ། ང་དང་ཁོང་་བར་དུ་ཤ་མདོག་དང་ཆོས་ལུགས་ཀྱི་ཆ་ནས་འབྲེལ་མེད་གཞན་ཞིག་ཡིན་ཡང་། ཁོང་གི་ལོ་རྒྱུས་བལྟ་ཀློག་བྱས་པའི་བརྒྱུད་རིམ་ཁྲོད་ནས་ཁོང་གི་མཛད་རྗེས་དག་ གིས་ངའི་སེམས་པ་ཁོང་དང་ཉེ་བར་བྱས་སོང་ལ། ངའི་སྨོན་སེམས་དང་གུས་འདུད་ཁོང་ལ་ཤོར་དུ་བཅུག་སོང་།
ཁྱེད་ནི་རིགས་ཀྱི་རང་དབང་དོན་དུ་སྒེར་ཕན་ཡོད་ཚད་བློས་གཏོང་གནང་བའི་འཐབ་རྩོད་པ་བཤལ་མ་ཞིག
ཁྱེད་ནི་ཡར་སྐུལ་སྣེ་འཁྲིད་ཀྱི་གཏམ་ནུས་ལྡན་པའི་དབུ་འཁྲིད་རླབས་ཆེན་ཞིག ཁྱེད་ནི་གཅར་རྡུང་དང་བཙོན་འཇུག་འོག་ནས་འཚེ་མེད་ཞི་བ་ཉམས་སུ་བླངས་པས། སེམས་དཔའ་ཆེན་པོ་གྷན་དྷེའི་རྗེས་འཇུག་པ་རྣལ་མ་ཞིག
ཁྱེད་ནི་རིགས་ཀྱི་མ་འོངས་པའི་དོན་དུ་མིག་མདུན་གྱི་བློས་གཏོང་དང་དཀའ་ངལ་དང་ལེན་ཕོད་པའི་ཕུགས་བསམ་རིང་ལུགས་པ་ཞིག
ཁྱེད་ནི་རང་མི་རིགས་ཀྱི་རང་དབང་དོན་དུ་འཆི་ཕོད་ཅིང་། འཆི་བའི་གནས་དང་དུས་ཚོད་གསལ་པོར་ཤེས་ཀྱང་ད་དུང་ཡང་འཇིགས་ཞུམ་མེད་པར་འཆི་བ་ དང་དུ་ལེན་ཕོད་པའི་དཔའ་བོ་དང་སྐྱེས་ཆེན་དམ་པ་ཞིག
ཨ་རིའི་ས་གཞི་ཆེན་མོ་དེ་མི་རིགས་དཀར་ནག་བར་གྱི་འགལ་བའི་ཁྲོད་ནས་འཐོར་ལ་ཉེ་ བའི་དུས་དེར། ཁྱེད་ཀྱིས་རྒྱལ་ཁབ་ལ་ཡིད་ཆེས་དང་། རིགས་ལ་གཅེས་ཞེན་ཡ་མ་བྲལ་བའི་སྣེ་འཁྲིད་རླབས་ཆེན་དེས་ཨ་རི་སླར་ཡང་གཅིག་ཏུ་ བསྒྲིལ་སོང་།
མི་རིགས་ནག་པོ་རྣམས་རང་དབང་དང་ཆེ་མཐོང་མེད་པའི་བྲལ་རིམ་མཐའ་མ་ནས་འདྲ་མཉམ་དང་རང་དབང་གི་འཇིག་རྟེན་དུ་འཁྲིད་པར་མཛད་སོང་།
ཁ་སང་མི་རིགས་ནག་པོ་རྣམས་སྤྱི་སྤྱོད་རླངས་འཁོར་གྱི་མདུན་གྲལ་དུ་བསྡད་མི་ ཆོག་ཀྱང་། དེ་རིང་མི་རིགས་ནག་པོ་ཕོ་བྲང་དཀར་པོའི་སྲིད་འཛིན་གྱི་ཞབས་སྟེགས་ཐོག་འགྱིང་ དུ་བཅུག་སོང་། འདི་དག་ནི་ཁྱེད་ཀྱིས་སྣེ་འཁྲིད་པའི་གསར་བརྗེ་དེའི་རྒྱལ་ཁ་རེད།
རང་དབང་གི་གསར་བརྗེ། བདེན་དོན་གྱི་གསར་བརྗེ། ལོ་རྒྱུས་ཀྱི་གསར་བརྗེ་དེ་བོད་ལ་ཡང་མགྱོགས་པོར་ཤར་བར་སྨོན།
སྙིང་སྟོབས་ཁྲི་ལོར་བརྟན་པར་ཤོག གསར་བརྗེ་ཁྲི་ལོར་བརྟན་པར་ཤོག

ནིའུ་ཡོག་ནས་ཕྱི་ལོ་ ༢༠༡༥། ༡། ༢༧ ཉིན་མཇུག་གྲུབ་པར་བྱས།། །།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: