སྤོ་བོ་ལགས་རྒས་འཁོགས་གཉིས་རྡོར་གདན་དུ་ཞབས་བསྐོར་ལ་མཉམ་དུ་ཕེབས་སྐབས་ལམ་ཟུར་ལ་ཁྱི་ཞིག་བསྡད་ཡོད་པ་མཐོང་བས། སྤོ་བོ་ལགས་གཅིག་གིས། “ཁྱི་དེས་ང་གཉིས་ལ་མིག་ལོག་བལྟ་ཡི་འདུག ཕལ་ཆེར་ང་གཉིས་འབྲུག་པའི་མི་དང་ནོར་བ་ཡིན་ས་རེད།” ཅེས་བཤད་པར། སྤོ་བོ་ལགས་གཞན་དེ་ཧང་སངས་ཏེ། “ཁྱིས་འབྲུག་པ་ལ་ཁོང་ཁྲོ་ལངས་ཡས་དེ། ་འབྲུག་པ་ཚོས་སུར་པན་མང་པོ་བཟས་ནས་བཙོག་པ་དེ་ཁྱིས་ཟ་དུས་ཁྱི་དེ་ཚོ་ཁ་ཞེ་དྲག་ཚ་ཡི་ཡོད་ཙང་འབྲུག་པ་མཐོང་དུས་ཁྱི་ཁོང་ཁྲོ་ཟ་ཡི་ཡོད་རེད།” ཅེས་བཤད་པས་སྤོ་བོ་ལགས་གཞན་པ་དེ་གད་མོ་ཤོར་ཐག་ཆོད་པ་རེད།


སྐྱེ་དམན་ཁོང་ཁྲོ་ཟ་བ།

          ཁྱོ་ག་ཞིག་གིས་སོ་སོའི་སྐྱེ་དམན་གྱི་ཕྱེད་པར་ཞིག་ག་དུས་ཡིན་ནའང་། དངུལ་ཁུག་ནང་འཁྱེར་གྱི་ཡོད་པ་དེ། སྐྱེ་དམན་གྱིས་མཐོང་སྟེ། “ཁྱེད་རང་ག་དུས་ཡིན་ནའང་སྦ་ཁུག་ནང་ལ་ངའི་པར་བཅུག་ནས་འཁྱེར་འགྲོ་ཡི་འདུག་པས་ག་རེ་ཡིན་ནམ།” ཞེས་དྲིས་པར། ཁྱོ་གས། “ང་ཕྱི་ལ་འགྲོ་དུས་རྙོག་གྲ་འདྲ་མིན་འཕྲད་དུས་ཁྱེད་རང་གི་འདྲ་པར་ལ་བལྟ་ཙམ་བྱས་ན་སེམས་པ་ལྷོད་ལྷོད་ཆགས་ཀྱི་འདུག དེ་འདྲ་སོང་ཙང་། ཁྱེད་རང་གི་འདྲ་པར་ག་དུས་ཡིན་ནའང་འཁྱེར་འགྲོ་ཡི་ཡོད། ” ཅེས་བཤད་པར། སྐྱེ་དམན་དེ་སྤོབས་པ་ཆེ་མདོག་གིས་བཤད་དོན། “དངོས་གནས་བྱས་ན་ཁྱེད་རང་ལ་ང་ག་གྲས་བཀའ་དྲིན་ཆེན་པོ་མ་རེད་དམ།” ཞེས་བཤད་པར། ཁྱོ་ག་དེས། “སྐུ་མཁྱེན།  ཁྱེད་རང་གི་འདྲ་པར་མཉམ་དུ་འཁྱེར་ནས་བལྟ་ཙམ་བྱེད་ཡས་དེ། ང་རང་གི་སེམས་ལ་སེམས་གསོ་བྱེད་ཡས་ཀྱི་ཆེད་དུ་ཡིན། ཕྱི་ལ་རྙོག་གྲ་འདྲ་འཕྲད་དུས་ཁྱེད་རང་གི་པར་ལ་བལྟ་ཙམ་བྱས་ན། ཕྱི་ལོགས་ཀྱི་རྙོག་གྲ་ཆུང་ཚགས་དེ་ཚོ་འདྲ་པར་འདིའི་རྙོག་གྲ་དང་བསྡུར་ན་གང་ཡང་མ་རེད་བསམ་སྟེ་ངའི་སེམས་ལ་ངལ་གསོ་ཡོང་གི་འདུག”  ཅེས་བཤད་པར་སྐྱེ་དམན་དེ་ཁོང་ཁོ་ཟ་ཐག་ཆོད་པ་རེད།

ཡོང་ཁུངས་གཞན།  ཡི་གེ་བ་གྲུ་ལྷོ་སྐལ་བཟང་ཕུན་ཚོགས།

དཔྱད་མཆན་སྤེལ།

%d bloggers like this: