མཁར་སྒང་བསོད་ནམས་དབང་ལྡན།

      གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་ལ་ཐུན་མོང་དང་ཐུན་མོང་མིན་པའི་ཆོས་ཕྱོགས་ཀྱི་མཛད་ཆེན་མང་དུ་ཡོད་པའི་ནང་ནས་བཟང་སྤྱོད་ཆེན་མོ་ནི་གལ་ཆེ་ཤོས་དེ་ཡིན་པས། དེ་ངོ་སྤྲོད་ཞུ་ན་འདི་ལྟར། བཟང་སྤྱོད་ཆེན་མོ་འདི་སུའི་ཆེད་དུ་བཙུགས་པ། སུས་དུས་ནམ་བཙུགས་པ། ངོ་བོ་གང་ཡིན་བཅས་བཤད་རྒྱུ་ཡིན།

༡༽ བཟང་སྤྱོད་ཆེན་མོ་འདི་སུའི་ཆེད་དུ་བཙུགས་པ་ཤེས་པ་ལ་ཐོག་མར་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཡིག་ཆ་མཛད་པ་པོ་འཇམ་དཔལ་དབྱངས་མིའི་གར་རོལ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་མཛད་རྣམ་ཤེས་དགོས་པས།  ཅུང་ཟད་སྨོས་ན།  ཕྱི་ལོ་ ༡༤༦༩ རབ་བྱུང་བརྒྱད་པའི་ས་མོ་གླང་གི་ལོར་གཙང་མྱང་སྟོད་རི་ནང་གི་ཁྱེའུ་ཞེས་པར་སྐུ་འཁྲུངས།  དགུང་ལོ་བདུན་པར་རབ་ཏུ་བྱུང་བ་ནས་བཟུང་སྡོམ་གསུམ་རིམ་གྱིས་བཞེས་ཤིང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་མཛད་དེ། ལུང་རིགས་ཀྱི་དབང་ཕྱུག་ཆེན་པོར་གྱུར་པས། མཁས་པ་ཀུན་གྱི་གཙུག་གི་རྒྱན་དུ་གྱུར། དགུང་ལོ་ཉེར་བཞི་ཡས་མས་སུ་གཙང་གི་རོང་སྦུག་ཏུ་བཞུགས་སྐབས་མནལ་ལམ་དུ་ཡི་དམ་རྗེ་བཙུན་སྒྲོལ་མ་དང་།  དམ་ཅན་ཆོས་ཀྱི་རྒྱལ་པོ་གཉིས་ཀྱི་སྐུའི་སྣང་བ་ཡང་ཡང་བྱུང་བ་ལ་སོགས་པའི་གཟིགས་སྣང་ཁྱད་པར་ཅན་དང་།  ནང་གི་ཉམས་རྟོགས་ཀྱང་ཕུན་སུམ་ཚོགས་པ་ལ་སོགས་པ་བྱུང་བ་འདིར་བརྗོད་ཀྱིས་མི་ལང་ཡང་།  འཕྲིན་ལས་ཀྱི་གཙོ་བོ་ནི།  ཕྱི་རབས་ཀྱི་གདུལ་བྱའི་དོན་དུ་དགོངས་ཏེ། གཞུང་ཆེན་བཀའ་པོད་ལྔ་ལ་སོགས་པའི་སྐོར་གྱི་གསུང་རྩོམ་ཟབ་ཅིང་རྒྱས་ལ། ཁ་གསལ་ཞིང་མཐའ་ཆོད་པ་མང་དུ་མཛད་པ་རྣམས་ད་ཆར་གསུང་འབུམ་པོད་བཅུ་དྲུག་བཅུ་བདུན་ཙམ་སྒྲིག་འཆར་ཡོད་པ་ལྟར་ཡིན་ལ།  བཀའ་སྲོལ་བརྒྱུད་འཛིན་གནང་མཁན་ཡང་། སེར་བྱེས་གྲྭ་ཚང་དང་།  བྱང་རྩེ་གྲྭ་ཚང་གིས་མཚོན་པའི་བོད་ས་སྟོད་སྨད་བར་གསུམ་ལ་དགོན་པ་ཆེ་ཆུང་བགྲང་གིས་མི་ལང་བ་ཞིག་བྱུང་བ་སོགས་ཏེ།  མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཁོང་གི་དགོངས་རྫོགས་དུས་མཆོད་དུ་ བཙུགས་པ་ཞིག་རེད།


༢༽ དུས་ནམ་གྱི་ཚེ་སུས་བཙུགས་སྙམ་ན།  ཁོང་དགུང་ལོ་དོན་དྲུག་བཞེས་པ་རབ་བྱུང་དགུ་པའི་ཤིང་ཕོ་འབྲུག་ ༡༥༤༤ ལོའི་བོད་ཟླ་ ༡༡ ཚེས་ ༡༩ ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་ལ།  ཞལ་སློབ་ཏུ་གྱུར་པ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་པཎ་ཆེན་བདེ་ལེགས་ཉི་མ་མཆོག་གིས་བཟང་སྤྱོད་ཆེན་མོ་ཚོགས་སྲོལ་འདི་བཙུགས་པ་ཡིན་ཏེ།  དེའང་རྫོང་རྩེ་སྤྲུལ་སྐུས་མཛད་པའི་《སེ་རའི་ཆོས་འབྱུང་》ལས། ཧོར་ཟླ་བཅུ་གཅིག་པའི་མར་ཚེས་ཉེར་ལྔའི་ཉིན་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་སྐུ་ཚིགས་དང་པོ་འཁེལ་བའི་དུས་ཚེས་དང་བསྟུན།  གང་དེའི་དངོས་སློབ་པཎ་ཆེན་བདེ་ལེགས་ཉི་མས་ཐོག་མར་ར་ས་འཁྲུལ་སྣང་གི་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནིའི་སྤྱན་སྔར་ཀུན་བཟང་མཆོད་སྤྲིན་འབུལ་བཤམས་དང་འབྲེལ།  གྲྭ་ཚང་བྱེས་སུ་བཟང་སྤྱོད་སྨོན་ལམ་འབུམ་ཐེར་འགྲོ་ངེས་ཀྱི་དུས་བཟང་ཐེབས་སྦྱོར་གནང་བ་བཞིན། དེ་ཚེས་ཉེར་ལྔ་ནས་ཉིན་གྲངས་བཅོ་ལྔའི་བར་བཟང་སྤྱོད་སྨོན་ལམ་ཆེན་མོ།  ཞེས་གསལ་བ་ལྟར་ཡིན་ལ།  དེ་ལྟར་ན།  དགོངས་པ་རྫོགས་པའི་བདུན་ཚིགས་དང་པོ་ནས་བཙུགས་པས།   ཕྱི་ལོ་ ༡༥༤༤ ནས་ད་ལོ་ ༢༠༡༥  བར་མི་ལོ་  ༤༧༡ སོང་།


༣༽ དུས་མཆོད་བཟང་སྤྱོད་ཆེན་མོ་རང་གི་ངོ་བོ།
བཟང་སྤྱོད་ཆེན་མོ་ཚོགས་ཡུན་ཉིན་གྲངས་ནི། སྔ་མོ་བོད་དུ་ཉིན་གྲངས་བཅོ་ལྔ་ཚོགས་ཀྱི་ཡོད་པ་གོང་གསལ་ལྟར་ཡིན་མོད། བར་སྐབས་སྦག་སར་བཞུགས་རིང་མཐུན་རྐྱེན་སོགས་གང་ཅིར་བརྟེན་ནས་རྒྱུན་མ་སྟོང་ ཙམ་རེ་ཚོགས་ཡོད་འདུག་ལ། ལྷོ་ཕྱོགས་སྦེལ་ཀོབ་ཏུ་ཆགས་ནས་བདུན་ཕྲག་གཅིག་རིང་འཚོགས་བཞིན་ཡོད་ཅིང་། སྐབས་འགར་དུས་ཚོད་ཉུང་རྐྱེན་གྱིས་ཉིན་ལྔ་ཙམ་རེ་བྱེད་དགོས་པའང་ཡོད། གང་ལྟར་ད་བར་དུས་མཆོད་ཆེན་མོ་འདི་མི་ལོ་ ༤༧༡ རིང་མ་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཀྱིས་གནས་ཏེ།  ད་ལོར་བཟང་སྤྱོད་ཆེན་མོ་ཐེངས་ ༤༧༡ པ་ཚོགས་ཐུབ་པ་འདི་ནི། དེང་སྐབས་ཨ་གསར་ལ་དགའ་བའི་བྱ་བ་ཐེངས་དང་པོ་ཁོ་ན་བགྲངས་པ་དང་མི་མཚུངས་པར།  རྒྱུན་རིང་གི་ལོ་རྒྱུས་དང་ལྡན་པས།  ཀུན་ལ་ངོམ་དུ་རི་བ་དང་། གཟི་བརྗིད་ཅན་ཞིག་ཡིན།  དེ་བཞིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུའང་བྱམས་སྨོན་ཆེན་མོའི་དུས་བཟང་ཉིན་བཅུ་གསུམ་རིང་ཚོགས་སྲོལ་ཡོད་པ་སེ་རའི་ཆོས་འབྱུང་དུ་འཁོད་འདུག་ལ།  དེང་སྐབས་ནི་སེ་ར་བྱེས་སྨད་གཉིས་ཀས་དུས་མཆོད་འདི་གཉིས་ཚོགས་མཉམ་གྲོལ་མཉམ་ལྟ་བུ་བྱེད་བཞིན་ཡོད།
  ལྷ་རམས་དགེ་བཤེས་ཚུལ་ཁྲིམས་ཆོས་འཕེལ་གྱིས་མཛད་པའི་《སེར་བྱེས་ཆོས་འབྱུང་》ལས། དེ་ཡང་སྔར་ཕྱི་ལོ་ ༡༩༥༩ གོང་དུ་གྲྭ་ཚང་བཟང་སྤྱོད་ཆེན་མོའི་སྐབས་དམིགས་བསལ་གྱི་མཆོད་གཡོག་པའམ་མཆོད་བཞེངས་པ་རྣམས་ནས་གྲྭ་ཚང་གཙུག་ལག་ཁང་དུ་མཆོད་པ་ལྔ་ཚར་ཆེ་ལེགས་དང་།  དེའི་གཡས་གཡོན་དང་མདུན་དུ་མཆོད་པ་སྣེ་ལྔ་སོ་སོ་མང་ལེགས་མཛེས་བཀོད་ཕུན་སུམ་ཚོགས་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའམ་ཀུན་བཟང་མཆོད་སྤྲིན་དུ་གྲགས་པ་ བསྒྲིགས་བཤམ་མཛད་སྲོལ་ཡོད་མོད།  དེའི་རྗེས་འཕགས་ཡུལ་སྦག་སར་གྲྭ་ཚང་ཚོགས་ཁང་དང་ཡི་དམ་ཁང་ཟུར་དུ་མེད་པ་དང་། དེར་མཆོད་པའི་རྫས་ཀྱང་ཧ་ཅང་དཀོན་པས་ཡི་དམ་གཙོ་འཁོར་གྱི་འབུལ་གཏོར་ལྟ་བུར་ཆུང་ངུ་རེ་བཞེངས་ཏེ་བཟང་སྤྱོད་ཆེན་མོ་སྟོང་མིན་ཙམ་རེ་ལོ་ལྟར་ཚོགས་ཤིང་།  དེའི་རྒྱུན་སྲོལ་འཁྲེགས་བཟུང་ལྟ་བུས་སྦེལ་ཀོབ་གྲྭ་ཚང་རིན་པོ་ཆེ་ཆགས་ནས་ཀྱང་བཟང་སྤྱོད་ཆེན་མོའི་སྐབས་གྲྭ་ཚང་གྲལ་མགོའི་རྟེན་གསུམ་མདུན་དུ་ཡི་དམ་རྟ་མགྲིན་ཡང་གསང་གཙོ་འཁོར་གྱི་འབུལ་གཏོར་དང་སྨན་རཀ་སོགས་མ་གཏོགས།  མདོ་ལུགས་བྱང་སེམས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཤམ་བཞེངས་མཛད་སྲོལ་མེད་པ་འདི་སྔར་གྱི་ཕྱག་ལེན་བཟང་པོ་ཉམས་གསོ་མ་ཐུབ་མིན་ནམ་སྙམ་སྟེ་དཔྱད་འཚལ་ལོ།།  ཞེས་གསུངས་པ་ལྟར་བར་སྐབས་ཀུན་བཟང་མཆོད་སྤྲིན་འབུལ་སྲོལ་མ་བྱུང་བ་འདྲ་ཡང་། དེང་སྐབས་ཀུན་བཟང་མཆོད་སྤྲིན་འབུལ་གྱི་ཡོད་པ་འདི་ནི། བཟང་སྤྱོད་ཆེན་མོའི་དུས་མཆོད་ཀྱི་ངོ་བོ་དང་ཤིན་ཏུ་འབྲེལ་ཆགས་པར་མཐོང་ལགས།
  དེའང་ཡར་ཚོགས་མར་གྲོལ་ཕུད་པའི་དངོས་གཞིའི་སྐབས་ཉིན་རེར་ཚོགས་ཐེངས་བཞི་རེ་ཡོད་ཅིང་།  ཡར་ཚོགས་ཉིན་ཞོགས་པ་ཆུ་ཚོད་ ༩ ཙམ་ལ་ཆོས་རའི་ནང་འཛིན་གྲྭ་སོ་སོས་དམ་བཅའ་ཚོགས་ཏེ་དགེ་བཤེས་ཚོགས་རམས་པ་རྣམས་ཀྱིས་གྲྭ་སྐོར་དམ་བཅའ་འཇོག་སྲོལ་དང་།  དེ་ནས་རག་དུང་ངམ་དུང་ཆེན་གཏོང་བ་དང་ལྷ་རམས་འཛིན་གྲྭ་དང་བཀའ་རམས་འཛིན་གྲྭ་སོགས་འཛིན་གྲྭ་གོ་རིམ་བཞིན་ཆོས་གོས་ཕྲག་ཏུ་བསྣམས་ཤིང་དབུ་ཞྭ་བཞེས་ཏེ་གྲལ་ འཛིན་བྱེད།  ཚོགས་གཞུག་འགྲིལ་བ་དང་།  ཐོག་ཁ་ནས་མཁར་ཐག་ཆོད་པ།  འདུ་ཁང་གི་སྒོ་ཆེན་བརྒྱབ་པ།  དགེ་སྐོས་ལགས་ཀྱིས་ཞྭ་བརྡ་ཕབ་པ།  ཆེན་མོ་ལགས་ཀྱིས་དབུ་སྐུལ་གནང་བ་བཞི་དུས་མཉམ་དགོས་པ་ནི།  སྐུ་བཞི་ཅིག་ཅར་དུ་མངོན་དུ་བྱེད་པའི་རྟེན་འབྲེལ་མཚོན་བྱེད་ཡིན།  བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ལ་རྟ་ཆེན་གཏོང་བ་ལ་སོགས་པའི་འདོན་ཆོག་གི་རིམ་པ་ཞིབ་ཏུ་《རྩ་ཚིག་》ཏུ་གསལ་བ་ལྟར་ཡིན། དགེ་སྐོས་ལགས་ཀྱིས་བླ་མ་རྗེ་བཙུན་པའི་རྣམ་ཐར་ཚིགས་བཅད་མ་འགྲེལ་པ་དང་བཅས་པ་ ཐུགས་ཐོག་ནས་སྙན་སྒྲོན་ཞུ་རྗེས།  སྐྱབས་རྗེ་མཁན་རིན་པོ་ཆེས་ཚོགས་གཏམ་ཆེན་མོ་ས་བཅད་དྲུག་གི་སྒོ་ནས་ལུང་རིགས་ཀྱི་རྒྱན་དང་བཅས་པ་སྩལ་གནང་ཞིང་།  དེའི་མཇུག་དེ་མ་ཐག་ཏུ་དགེ་སྐོས་ལགས་ཀྱིས་གཏོར་སྒྲུབ་སྐབས་ཀྱི་ཚོགས་གཏམ་ཚངས་དབྱངས་ང་རོའི་སྒྲ་སྒྲོགས་ཞེས་བྱ་བ་བརྗིད་རྔམ་དང་བཅས་ཏེ་འབུལ་གནང་བ་སོགས་ནི།   ཡར་ཚོགས་སྐབས་ཀྱི་བྱེད་སྒོ་ཡིན།


བཟང་སྤྱོད་ཆེན་མོ་དངོས་གཞི་ལ།  ཕྱི་ཉིན་ཚོགས་ཐེངས་དང་པོ་སྔ་ཇ་ནི་མཚན་མོ་ཆུ་ཚོད་ ༢་༣༠ ཡས་མས་དབུ་འཛུགས་ཏེ།  ལྟུང་བཤགས་དང་གཙོ་རྒྱལ་མ། བཤགས་པའི་ཚིགས་བཅད་ཁག ཇ་མཆོད། དགེ་འདུན་མང་བས་གསོལ་ཇ་བཞེས་སྐབས་དགེ་སྐོས་ལགས་ཀྱིས་ཚོགས་གཏམ་ཆེན་མོ་ས་བཅད་དྲུག་གི་སྒོ་ནས་འབུལ། ཇ་རྒྱབ་ཏུ་སྐྱབས་འགྲོ་སེམས་བསྐྱེད། གནས་བཅུ་མཇུག་དང་བཅས་པ། ཤེར་སྙིང་།  བགེགས་རིགས་མའི་རྟ་ཆེན།  མཚམས་འདི་ནས་ཉིན་རེ་བཞིན་བསྟོད་ཆེན་ཁག་ལ་སོགས་པའི་ཆོས་སྤྱོད་རིགས་མི་འདྲ་བ་ རྣམས་དང་། དེ་ནས་རྟ་མགྲིན་བླ་བརྒྱུད་བཅས་ལ་རང་སྐད་ཁོ་ནས་རྟ་ཤ་སྟག་གཏོང་དགོས་པས། འདི་ཚོ་གསུངས་ཟིན་མཚམས་ཞོགས་པའི་ཆུ་ཚོད་ ༦་༣༠ དམ་ ༧ པ་ཡས་མས་ཟིན་འོང་།  དེ་ནས་གཏོར་འབུལ་ཁག་འདུར་གཏོང་རིང་། དགེ་འདུན་མང་བ་ཆབ་གསང་ལ་ཕེབས་པ་དང་།  ཡར་ཚོགས་ནས་བཟང་སྤྱོད་ཡན་ལག་བདུན་པ་ལ་རྟ་ཆེན་དང་། འདས་པའི་སངས་རྒྱས་ཞེས་སོགས་ལ་བར་རྟ་གཏོང་སྟེ། དུས་བསྟུན་གྱིས་བཟང་སྤྱོད་ཚར་གང་འགྲོ་དང་། མཇུག་ཏུ་བྱམས་སྨོན་ལ་རྟ་གཉིས་རེ་མོས་ཀྱིས་གཏོང་སྟེ་སྔ་ཇ་གྲོལ།

ཚོགས་ཐེངས་གཉིས་པ་བདེན་ཤེས།  ཞོགས་པ་ཆུ་ཚོད་ ༩ པའི་ཐོག་ཚོགས་ཤིང་། དམིགས་བརྩེ་མ་ལ་བར་རྟ་དང་དབྱངས་ཆེན། མཐའ་རྟེན་ཚིགས་བཅད་གསུམ་པོ་གང་རུང་ལ་དབྱངས་ཆེན། འདྲེན་མཉམ་མ་ལའང་དབྱངས་དང་རྟ། རྣམ་ཐར་ཞལ་གསུམ་མ་བཅས་ལ་གཙོ་ཆེར་གྲེ་སྐད་དམ་མཛོ་སྐད་ཁོ་ནས་གསུང་།  ཇ་རྒྱབ་ཏུ་དགའ་ལྡན་ལྷ་བརྒྱ་མ་སོགས་ཉིན་རེ་བཞིན་ཆོས་སྤྱོད་ཐུང་རིགས་མི་འདྲ་ བ། བཟང་སྤྱོད་ལ་གདངས་དབྱངས།  ཚེ་གཟུངས་སོགས།  ཞབས་བརྟན་ཁག  གཏོར་འབུལ་བཞི།  འདིར་ངེས་དགོས་པ་ཞིག་ལ་ཆོས་སྐུ་མ་ནི་བཀའ་རྒྱ་མ་ཡིན་པས།  འདུ་ཁང་ནང་མ་གཏོགས་གཞན་ལ་རྟ་དང་བཅས་གསུང་མི་ཆོག་པའི་ཚུལ་རྩ་ཚིག་ཏུ་གསལ་བ་ལྟར། རྒྱུན་ལྡན་ཆོས་སྐུ་མ་གསུང་སྐབས་སྒོ་ཆེན་རྒྱག་གི་ཡོད་པའི་གནད་ཀྱང་དེ་ཡིན་པར་འདུག་སྙམ། དེ་ནས་སྤྱོད་འཇུག་ལ་བར་རྟ་དང་།  ཐོག་མཐའ་མ་ལའང་རྟ་དང་བཅས་གསུང་དགོས་ནའང་།  ཆེན་མོ་ལགས་ཀྱིས་དུས་ཚོད་ལ་བབ་བསྟུན་གྱིས་སྤྱོད་འཇུག་དང་ཐོག་མཐའ་མ་ལ་རྟ་འདུར་ཅི་རིགས་གསུང་སྲོལ་ཡང་ཡོད།

ཚོགས་ཐེངས་གསུམ་པ་གུང་ཚིགས་གྲྭ་ཇ།  ཉིན་གུང་ཆུ་ཚོད་ ༡༡ ཡས་མས་ཚོགས་ཏེ། བདེན་ཤེས་དང་གུང་ཚིགས་བར་དུ་ཆོས་རའང་ཅུང་ཟད་རེ་ཚོགས་སྲོལ་ཡོད།  ཞལ་འདོན་ནི།  བཟང་སྤྱོད་ལ་གདངས་དབྱངས།  ཇ་མཆོད་པད་དཀར་མ་དང་འདྲེན་མཆོག་མ་གཉིས་རེ་མོས། ཇ་རྒྱབ་ཏུ་ཞལ་འདོན་ཇི་འགབ་གསུངས་རྗེས་རྗེ་བཙུན་ཆོས་རྒྱན་མ་དང་།  རྒྱལ་དེ་སྲས་མ། ཞེས་པ་གཉིས་ནི་བླ་མ་རྗེ་བཙུན་པའི་རྣམ་ཐར་ཡིན་པས། དེ་གཉིས་ལ་རེ་མོས་ཀྱིས་རྟ་གཏོང་ཞིང་།  དེ་ནས་གསང་འདུས་སྨོན་ལམ་ལའང་རྟ་གཏོང་སྟེ་གྲོལ།

ཚོགས་ཐེངས་བཞི་པ་དུས་བཟང་ནི། དགོང་མོ་ཆུ་ཚོད་ ༦ ཐོག་ཚོགས་ཤིང་།   རྒྱས་འབྲིང་བསྡུས་གསུམ་ཡོད་དེ།   དུས་བཟང་བསྡུས་པ་ལ་ཞལ་འདོན་ཡང་བསྡུས་ལ་རྟ་ཡང་བསྡུས་པས།  ཆུ་ཚོད་གཅིག་ལྷག་གིས་ཚོགས་གྲོལ་འོང་།  རྒྱས་འབྲིང་གཉིས་ལ་མཁན་རིན་པོ་ཆེའི་བསྔོ་སྨོན་སོགས་ཡོད་མེད་དང་ཞལ་འདོན་མང་ཉུང་ཅུང་ཟད་དང་རྟ་ཡང་རྒྱས་བསྡུས་ཅུང་ཟད་ཡོད།   མདོར་ན་ཁྱད་པར་གཙོ་བོ་ནི།  སྤྱན་འདྲེན་ཁྲུས་གསོལ་ལ་ཚིག་དང་རྟ་རྒྱས་བསྡུས་རང་ཡིན་པས།  འབྲིང་ལ་ཆུ་ཚོད་གསུམ་མ་ཟིན་ཙམ་དང་།  རྒྱས་པ་ལ་ཆུ་ཚོད་བཞི་ཙམ་རེ་ཚོགས་སྲོལ་ཡོད།   དེ་ལྟར་ཉིན་རེའི་ཚོགས་ཚུལ་དེ་ཉིན་གྲངས་ཇི་ཙམ་འཚོགས་པ་དེའི་རིང་ལ་འགྲོས་གཅིག་པ་ཡིན།
དེའང་སྔ་དགོང་གཉིས་ལ་རྟ་འདུར་དབྱངས་གསུམ་ཅི་གཏོང་ཡང་། མཛོ་སྐད་གཏན་ནས་མི་རྒྱག་པར། རང་སྐད་ཁོ་ནས་འདོན་དགོས། བདེན་ཤེས་ལ་འདུར་དབྱངས་གང་ལའང་གྲེ་སྐད་གཙོར་འདོན་བྱེད། གུང་ཚིགས་ལ་མཛོ་སྐད་དང་རང་སྐད་སྤེལ་མའི་ཚུལ་དུ་གསུང་སྲོལ་འདུག  གཞན་ཡང།  ཚོགས་གྲོལ་ཁར་ཆབ་འདྲེན་ཚུལ་ཡང་།  སྔ་ཇ་སོགས་ལ་གདོང་གྲལ་ནས་མཐའ་གྲལ་སོགས་སུ་ཕར་དང་། དགོང་མོར་མཐའ་ནས་གདོང་གྲལ་ནང་དུ་ཚུར་འདྲེན་པ་ནི།   འོད་ཟེར་སྤྲོ་བསྡུའི་མཚོན་བྱེད་ཡིན་པར་བཤད།
  ཡང་བཟང་སྤྱོད་ཆེན་མོ་ནི་དགུན་ཆོས་ཆེན་མོའི་སྐབས་སུ་འཁེལ་སྟབས།  ཆོས་ཐོག་སྐབས་སུ་སེར་བྱེས་མཁས་སྙན་གྲྭ་ཚང་ནང་ཉིན་མཚན་ཁོར་མོ་ཡུག་ཏུ་ཆོས་སྒྲ་རྒྱུན་མི་འཆད་དུ་སྒྲོག་པ་ནི་ཆོས་ཐོག་ཀུན་ལ་གཅིག་མཚུངས་ཡིན་པས།   དགེ་འདུན་མང་གིས་གསོལ་ཇ་སོགས་བཞེས་སྐབས་སུའང་མཁན་རིན་པོ་ཆེ་དང་དགེ་སྐོས་ལགས་ཀྱིས་སྐྱབས་ཐོ་སོགས་ཀློག་གྲུབ་པའམ་ཀློག་རྒྱུ་མེད་ཚེ།  ཚོགས་བསགས་པས་དྲང་ངེས་དང་འགྲེལ་པ་དོན་གསལ་ལ་སོགས་པའི་གཞུང་ཆེན་གང་རུང་གི་བཤད་པ་སྐྱོར་སྲོལ་ཡོད།


འདིར་བཤད་པའི་རྟ་དབྱངས་སོགས་ཀྱི་ཁྱད་པར་འདི་ལྟར།

1. རྟ་ཞེས་པ་ནི། དབྱངས་ཀྱི་གདངས་དེ་ཙམ་མི་མང་བར། གཙོ་བོར་ཞལ་འདོན་གྱི་ཚིག་མང་བར་བྱེད་དེ་གདངས་གཏོང་བའི་སྒྲ་ལ་ཟེར་ཞིང་། བར་རྟ་སོགས་རྒྱས་འབྲིང་བསྡུས་གསུམ་ཅི་རིགས་ཡོད།

2. འདུར་ནི། ཞལ་འདོན་གང་གསུང་ཡང་། གདངས་ཀྱི་ང་རོ་མེད་པར་ཐད་ཀར་གསུང་ཚུལ་ཞིག་ལ་ཟེར།

3. དབྱངས་ནི། ཞལ་འདོན་གྱི་ཚིག་ཉུང་ཟད་རེ་ལ་ཨི་ཨུ་ཨེ་ཨོའི་དབྱངས་ཀྱི་གདངས་མང་བར་བྱེད་ཅིང་།  མགྲིན་གུག་མགྲིན་ལོག་སྐད་འདར་སོགས་སྤྱོད་པའི་སྒྲ་ལ་ཟེར་ཏེ། དཔེར་ན། བགེགས་རིགས་མའི་རྟ་ཆེན་ཞེས་པ་བགེགས་རིགས་མ་ཚིགས་བཅད་གཅིག་ལ་ཆུ་ཚོད་ཕྱེད་ ཀའི་རིང་དབྱངས་བཀུག་པ་ལྟ་བུ་ཡིན་པས། འདི་ལ་རྟ་ཆེན་ཟེར་ཡང་དོན་དུ་དབྱངས་ཆེན་རང་རེད།

4. གྲེ་སྐད་དམ་མཛོ་སྐད་ནི། གྲེ་བའི་ནང་ནས་མཛོའི་སྐད་ལྟར་ཤིན་ཏུ་སྦོམ་ཞིང་བརྗིད་རྔམ་ཅན་རྒྱག་པའི་སྐད་ལ་ཟེར།

5. རང་སྐད་ནི། མཛོ་གཡག་སོགས་ཀྱི་སྐད་ལྟར་མིན་པར་མིའི་སྐད་རང་བཞིན་པ་རྒྱག་པའི་སྒྲ་ལ་ཟེར།

6. མགྲིན་གུག་ནི། སྐད་བཀྱགས་ཕབ་མྱུར་བར་བྱེད་པའི་སྒྲ་ཞིག་ལ་ཟེར།

7. མགྲིན་ལོག་ནི། སྐད་ཅུང་ཟད་བཀྱགས་རྗེས་སྐད་ལ་མདུད་པ་ཕོག་པའི་ཚུལ་གྱིས་རྒྱག་པའི་སྒྲ་ཞིག་ལ་ཟེར།

8.སྐད་འདར་ནི། རྒྱ་མཚོའི་རླབས་ཆེ་བ་ནས་ཆུང་བར་བརྒྱུད་པ་ལྟར། སྐད་གདངས་རིང་བ་ནས་རིམ་གྱིས་ཐུང་བར་འདོན་ཏེ། འདར་བའི་ཚུལ་གྱིས་འདོན་པ་ལ་ཟེར་ཞིང་། འདི་ནི་ཕལ་ཆེར་རྟ་ལ་མེད་པར། དབྱངས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་ཤིག་ཏུ་མཐོང་།

9. སྙན་ཆ་ནི། རྟ་དབྱངས་གང་ལའང་བར་བར་དུ་སྐད་ལ་འཁྱུག་ཆེ་ཆུང་སྣ་ཚོགས་པ་བྱེད་པ་ལ་ཟེར།

10. ཕོ་སྐད་ནི། སྐད་སྦོམ་པོའི་ལུགས་སུ་འདོན་ཚུལ་ལ་ཟེར།

11. མོ་སྐད་ནི། གོང་གི་དེ་ལས་ལྡོག་སྟེ་སྐད་ཕྲ་བའི་ལུགས་སུ་འདོན་ཚུལ་ལ་ཟེར། མོ་སྐད་ནི་སྨོན་ལམ་ཆེན་མོའི་སྐབས་སུ་ཐོས་པ་རྒྱ་མཚོ་མ་ལ་སྤྱོད་པ་མ་གཏོགས། བཟང་སྤྱོད་ཆེན་མོའི་སྐབས་སུ་མོ་སྐད་རྒྱག་གི་མེད་པར་བཤད།


       ཞོར་འཕྲོས་ཀྱི་ཚིག་འགའ་ཤས།
  དགེ་འདུན་འདུས་པ་རྒྱ་མཚོས་འདི་ལྟ་བུའི་རྣམ་དཀར་དགེ་ཚོགས་རླབས་ཆེན་བསྐྲུན་པའི་སྐབས་སུ་ཨ་ཕོ་རང་གིས་འཇོན་ན།  སྒོ་གསུམ་གྱི་དགེ་ཚོགས་མཐའ་ཡས་པ་ཞིག་གསོག་ཆོག་སྟེ།  ཞལ་འདོན་ཕལ་ཆེ་བ་ནི་བླ་མ་ཡི་དམ་སོགས་ལ་གསོལ་འདེབས་དང་བསྟོད་པ།   ལུས་ངག་ཡིད་ཀྱི་སྡིག་ལྟུང་ཉེས་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་ཆ་ཚང་བའམ་རེ་ཟུང་རྒྱས་བསྡུས་སྣ་ཚོགས་སུ་བྱས་པ་ཤ་སྟག་ཡིན་པས།  བསགས་སྦྱང་གི་གནད་བསྡུས་པའི་ཡན་ལག་བདུན་པ་ལ་རང་གིས་ལྕོགས་ན། ལམ་གྱི་གཙོ་བོ་རྣམ་གསུམ་གྱིས་རྒྱས་འདེབས་གང་ཐུབ་བྱེད་པ་ལས་ལྷག་པའི་རྣམ་དཀར་ཅི་དགོས།
  དེ་ལས་ལྡོག་སྟེ། ཡར་མཐོ་བའི་ལས་སྣེ་དང་། ཕར་མཉམ་པའི་གྲལ་མཚེས་སོགས་ལ་ཡིད་ཁོང་ནས་ཁྲོ་ཞིང་སྡང་ལ་ངན་སྨྲས་རྒྱུན་མི་འཆད་དུ་སྒྲོག་བཞིན་ཁྲལ་རང་གི་འདུ་ཤེས་ཀྱིས་གནས་ན་ནི།  ཚོགས་གསོག་སར་རྣག་གསོག་པའི་དཔེ་ལྟར་འགྱུར་བས། ལེགས་ཉེས་ཁེ་གྱོང་རང་གིས་འབྱེད་ཤེས་པར་བྱ་རྒྱུ་ཤིན་ཏུ་གལ་ཆེའོ། །

      ཞེས་དགེ་སྐུལ་གྱི་ཚུལ་དུ་ཞུས་པ་འདིའང་སེར་བྱེས་ཏྲེ་ཧོར་མཁར་སྒང་བསོད་ནམས་དབང་ལྡན་གྱིས་གྲྭ་ཚང་གི་རྩ་ཚིག་གཞིར་བཞག །ལོ་མང་བཟང་སྤྱོད་ཆེན་མོ་ཚོགས་པའི་ཉམས་མྱོང་དང་། འབྲེལ་ཡོད་རྣམས་ལའང་ཅུང་ཟད་རེ་དྲིས་ཏེ། ༢༠༡༥་༢་༩ ཉིན་ངོ་སྤྲོད་མདོ་ཙམ་བྱས་པ་དགེ་ལེགས་འཕེལ།། །།

ཡོང་ཁུངས་སེར་བྱེས་ངོ་དེབ།

དཔྱད་མཆན་སྤེལ།

%d bloggers like this: