སྙིང་སྟོབས་ཅན་གྱི་སྐྱེས་བུ་གཉིས།

—-པཎ་ཆེན་རིན་པོ་ཆེ་དང་དམུ་དགེའི་བསམ་གཏན་གཉིས་རྗེས་སུ་དྲན་པ།

རྒྱ་གྲོལ།

         ད་སྐབས་སྙིང་སྟོབས་ཞེས་པའི་ཐ་སྙད་འདི་ནི་ཀུན་གྱི་ངག་ན་ལྷང་ངེར་རྒྱུ་བཞིན་པའི་ཐ་སྙད་ཅིག་ཡིན་ལ།  སྐྱ་སེར་ཕོ་མོ་བཅས་མཆོག་དམན་མཐའ་དག་དགའ་བའི་ཐ་སྙད་ཅིག་ཀྱང་ཡིན།   དེ་བས་སྙིང་སྟོབས་ནི་བོད་ཀྱི་རིག་གནས་ཀྱི་མཚོན་བྱེད་ཅིག་ཏུ་གྱུར་འདུག  སྙིང་སྟོབས་ཞེས་པ་ནི་མང་ཆེས་པས་རྒྱ་ཡིག་ནི་  精神 ཞེས་པ་འདིར་གོ་བ་ལེན་གྱི་ཡོད་ནའང་བོད་རང་གི་ཡི་གེའི་ངོ་གདོང་ནས་དཔྱད་ན་སྙིང་སྟོབས་ཞེས་པ་ནི་སྙིང་གི་སྟོབས་ཏེ།  སྤོབས་པ་ཆེ་བ་ལ་གོ་དགོས།  བོད་ཀྱི་ལོ་རྒྱུས་ཀྱི་དར་རྒུད་ཁྲོད་དུ་བོད་ལ་སྙིང་སྟོབས་ཅན་གྱི་མི་མང་བོ་སྐྱེས་མྱོང༌།  འགྱུར་ལྡོག་དང་ཕམ་པའི་ཁྲོད་དུ་སྙིང་སྟོབས་བསྐྱེད་ཐུབ་པ་ནི་སྙིང་སྟོབས་ཅན་ལས་ཀྱང་མཆོག་ཏུ་གྱུར་པ་སྟེ།  ཉེ་བའི་དུས་འདིར་ངས་མཐོང་བ་སྙིང་སྟོབས་ཅན་གྱི་མི་གཉིས་ཏེ།  པཎ་ཆེན་རིན་པོ་ཆེ་དང་དམུ་དགེ་བསམ་གཏན་གཉིས་ཡིན།

        པཎ་ཆེན་རིན་པོ་ཆེ་ནི་བོད་ཀྱི་བླ་སྤྲུལ་ལས་སྙིང་སྟོབས་ཆེས་ཆེ་བ་དེ་ཡིན།  ཁོང་གི་སྙིང་སྟོབས་ནི་ཁོང་གི་གཤིས་ཀ་དང་ཁོང་གི་ལྷག་བསམ་ཡིན།  ལྷག་པར་ཁོང་གི་སྙིང་སྟོབས་ནི་བོད་མི་རིགས་ཡིན་དང་སངས་རྒྱས་ཀྱི་བསྟན་པ་ཡིན། ཁོང་དགུང་ལོ་བཅུ་གཅིག་སྟེང་གོ་མིན་ཏང་གིས་ཁྲིད་ནས་ཐེ་ཝན་ལ་འབྲོ་ཟེར་ནས་པཎ་ཆེན་ནང་སྒང་དང་གྲོས་བྱེད་དུས།  ཁོང་གིས་ངའི་དོན་ང་དང་གྲོས་མོལ་མི་བྱེད་པ་ཅི་ཡིན།ཁྱེད་ཚོར་ངའི་དོན་ཐག་གཅོད་རྒྱུའི་དབང་ཆ་ཡོད་དམ།  ཞེས་པཎ་ཆེན་ནང་མ་སྒང་ལ་ཐོག་དང་བོར་བཀའ་བཀྱོན་གནང་ཞིང༌།  ཕྱིན་ཆད་ང་དང་འབྲེལ་བའི་སྐོར་ངེས་པར་ང་དང་གྲོས་བྱེད་དགོས་གསུངས།  བོད་དུ་ཟང་ཟིང་གིས་ཁྱབ་བཞིན་པའི་དུས་སུ་བོད་ཀྱི་ལག་རྩལ་གྱི་སློབ་གྲྭ་ཐོག་མ་དེ་ཁོང་གིས་བཙུགས།  རྗེས་སུ་སློབ་གྲྭ་དེ་ནི་ཁོང་ལ་ཆབ་སྲིད་ཀྱི་ཞྭ་མོ་བསྐོན་པའི་གཞི་གཅིག་ཏུ་གྱུར།  ང་བརྒྱད་རྗེས་སུ་ཁོང་གིས་མཚོ་སྔོན་ས་ཁུལ་དུ་གནད་དོན་མི་ཉུང་བ་ཞིག་བྱུང་བ་མཐོང་བ་ལ་བརྟེན་ནས་བདེ་སྡུག་གི་སྙན་ཞུ་ཡིག་འབྲུ་ཁྲི་བདུན་མ་བྲིས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཕུལ།  སྐབས་དེའི་དམག་འཁྲུག་ལས་སྦྱངས་ཏེ་ཐོན་པའི་འགོ་ཁྲིད་དག་ཀྱང་བོད་ཀྱི་ན་གཞོན་སྤྲུལ་སྐུ་འདིའི་སྙིང་སྟོབས་ལ་ཧ་ལས་ཤིང༌།  ལྷག་པར་བཙན་རྒྱལ་རིང་ལུགས་ཤོག་བུའི་སྟག་རེད་ཅེས་དཔའ་བོའི་གད་རྒྱངས་སྒྲོག་པའི་མའོ་ཙེ་ཏུང་ཡང་ཁོང་གི་སྙིང་སྟོབས་ལ་ཧ་ལས་ནས།  ཁོས་ད་ལྟ་པཎ་ཆེན་གྱི་རྔ་མ་གནམ་ལ་བཀྱགས་ཤིང U2 གནམ་གྲུ་ལས་ཀྱང་མཐོ།  ཞེས་གསུངས་ཏེ་དོ་སྣང་ཆེན་པོ་བྱས།  ལི་ཝེ་ཧན་དང་ཞི་ཀྲུང་ཞིན་སོགས་ཀྱང་ཁོང་གི་འབྲེལ་བ་བྱས་འདུག་ཅེས་ཉེས་འཛུགས་བྱས་ཤིང༌།  ཁོང་ལ་འཐབ་རྩོད་བྱེད་པའི་དབུ་བརྩམས།  སྟག་རྒོད་འདི་མ་བཏུལ་ན་འདི་ནི་སེང་གེ་སྲབ་མེད་མཁའ་ལ་འཕྱོ་ཞེས་པའི་དཔེ་ལྟར་འགྱུར་རོ།།

       དེ་བས་ཁོང་ནི་རིག་གསར་གྱི་འབེན་ཆེན་པོ་ཞིག་ཏུ་གྱུར།  རིག་གསར་སྐབས་ཁོང་ལ་འཐབ་རྩོད་འཛིན་དུས་སྙིང་སྟོབས་ཞུམ་པ་མེད་ཅིང་གོ་ཐོས་སུ་མི་གཅིག་གིས་གླེང་འགེལ་བྱེད་པར་རྡོག་ཐོ་གཅིག་གིས་གསོད་ལ་ཉེ་བར་བྱས་པས་འཐབ་རྩོད་ཀྱང་བྱེད་མི་ཕོད་པར་གྱུར་སྐད།  འདི་ནི་རིག་གསར་གྱི་འཐབ་རྩོད་ལས་འཐབ་རྩོད་བྱེད་མཁན་ལ་གསར་བརྗེ་ཉེས་ཅན་པས་རྡུང་རྡེག་སྤྲད་པ་གཅིག་པུ་ཡིན།  ཁོང་བཙོན་ཁང་དུ་ཡོད་དུས་བཙོན་སྲུང་བ་དག་ལ་རྡུང་རེས་བྱས་ནས་ཆེད་དུ་གཅར་རྡུང་བྱེད་དུ་བཅུགབོད་མི་རིགས་ཀྱི་ཆེད་དུ་ལོ་ངོ་མང་བོར་བཙོན་ཁང་ནས་བཞུགས།  ཁོང་གིས།   བཙོན་ཁང་ནས་ངས་ཁ་རྩོད་རྒྱག་འདོད་ཡོད་ཀྱང་ཁ་ལན་སློག་མཁན་མེད་ལ་རྒྱག་རེས་བྱེད་མཁན་དེ་བས་ཀྱང་མེད་ཅེས་གསུངས་འདུག  ཁོང་ལྟ་བུའི་བཙོན་མ་སྙིང་སྟོབས་ཅན་དུ་ཡོད་དམ།  གལ་ཏེ་ཁོང་ལ་སྙིང་སྟོབས་མེད་ན་ཁོང་ནི་ང་བརྒྱད་དང་རིག་གནས་སྐབས་སུའང་གཅེས་ནོར་འབའ་ཞིག་ཡིན།  ཁོང་ལ་འཐབ་རྩོད་བྱེད་མཁན་ཞིག་ཡོད་མི་སྲིད་ལ།   འཐབ་རྩོད་བྱེད་པ་ནི་མའོ་ཙེ་ཏུང་གིས་གསུངས་པ་ལྟར་མི་རིགས་དང་བསྟན་པའི་ཆེད་དུ་རྔ་མ་གནམ་ལ་བཀྱགས་ནས་གང་སར་གཡུགས་པ་དེ་རེད།   ཁོང་བཙོན་ལས་གྲོལ་མ་ཐག་ཏུ་བོད་ཀྱི་ས་གནས་ཀུན་ཏུ་ཞབས་རྗེས་བཀོད།   གསུང་གི་བྱིན་གྱིས་བརླབས།   རིག་པའི་མེ་དཔུང་སྦར་བའི་ཆེད་དུ་བརྩོན་པ་བསྐྱེད།   འདི་ནི་ཁོང་གི་མི་ཚེ་བོད་ཀྱི་རིག་གནས་ཀྱི་ཆེད་དུ་གཏོང་བའི་དབུ་ཚུགས་པ་རེད།  ཁོང་གིས་ཆབ་སྲིད་ཀྱི་བསམ་བློ་དང་ཆོས་ལུགས་ཀྱི་བསམ་བློ་སོགས་ནི་དེང་གི་བསམ་བློ་བ་དག་ལས་རིང་དུ་བརྒལ།  བསམ་བློ་ཡོད་པ་ཙམ་མ་ཡིན་པར་ལག་ལེན་དུ་བསྟར་བས་ད་གཟོད་པཎ་ཆེན་སྐུ་ཕྲེང་བཅུ་བ་འདི་ཉིད་གྲུབ་ཅིང་སྙིང་སྟོབས་ཅན་གྱི་སྤྲུལ་སྐུ་འདི་ཉིད་གྲུབ།  ཁོང་གིས་མི་རིགས་མཐུན་སྒྲིལ་དང་ཆོལ་ཁའི་མཐུན་སྒྲིལ་དུ་གསུངས་པའི་གསུང་བཤད་དག་ནི་བོད་མི་རིགས་ཀྱི་མན་ངག་གལ་ཆེན་ཞིག་ཡིན་པ་མ་ཟད།  མི་རིགས་ཀུན་གྱིས་སྙིང་དུ་འཛིན་རྒྱུའི་མན་ངག་གལ་ཆེན་ཞིག་ཀྱང་ཡིན།  ཁོང་གིས་མི་རིགས་ཡར་རྒྱས་སུ་འགྲོ་བའི་ཆེད་དུ་དགུང་ལོ་གཞོན་དུས་ལག་རྩལ་སློབ་གྲྭ་བཙུགས་ཤིང་དགུང་ལོ་མཐོ་དུས་གངས་ཅན་གུང་ཟི་བཙུགས།  ད་དུང་བོད་ཀྱི་སློབ་གྲྭ་ཆེན་མོ་ཞིག་འཛུགས་པའི་འཆར་གཞི་ལག་བསྟར་བྱེད་པའི་སྔོན་དུ་ཁོང་སྐུ་གཤེགས་སོང༌།  ཁོང་གིས་མི་རིགས་རིང་ལུགས་ལ་དགག་པ་གནང་ཞིང་དེ་བས་མི་རིགས་ཆེན་པོའི་རིང་ལུགས་ལ་དགག་པ་ཚ་དྲག་པ་གནང༌། ཁོང་དང་ང་ཕོད་གཉིས་ཀྱིས《བོད་ཀྱི་སྐད་ཡིག་སློབ་སྦྱོང་དང༌། བེད་སྤྱོད།  གོང་འཕེལ་དུ་གཏོང་རྒྱུ་གཏན་འབེབས》བཟོས་ཏེ་ལག་ཏུ་བསྟར་བས་བོད་ཀྱི་རིག་གནས་ལ་ཉི་མ་གསར་བ་ཞིག་ཤར།  ཁོང་གིས་ང་རང་སྐྱེས་པ་ཡང་བསྟན་འགྲོའི་དོན་ཡིན་པ་ཁྱེད་ཅག་གིས་འདོད།  ད་ཤི་ནའང་རྒྱལ་བའི་བསྟན་པ་དང་རང་གི་མི་རིགས་ཀྱི་དོན་དུ་སེམས་ཐག་རྦད་ཆོད་ཡིན་ལ།  ངའི་བབ་ཀྱང་ཡིན་གསུངས།  དེང་ “བསམ་བློ་བ” དག་གིས་མི་རིགས་འདིའི་རྨོངས་པ་སེལ་བའི་ཆེད་དུ་ང་ལྕེབས་དགོས་ཟེར་མོད།  ཁོང་གིས་བོད་རྗེས་ལུས་ཀྱི་རྣམ་པ་བསྒྱུར་མ་ཐུབ་ན་ང་ཤི་ཡང་མི་བཙུམ་ཟེར།  དེ་ནི་ང་ཚོ་ལྟར་ཁ་ནང་གི་ཚིག་ཙམ་ག་ལ་ཡིན་ཏེ།  ལོར་ཧོ་ནན་ཞིང་ཆེན་གྱིས་ཧྲའོ་ལིན་དགོན་པ་སུང་ཧྲན་དོ་དམ་ཅུས་ལ་རྩིས་སྤྲོད་བྱས་པར་ཁོང་གིས་སྐྱོན་བརྗོད་དྲག་པོ་བྱས་པ་དང་བྱ་བ་འདི་ཕུགས་ཐག་མ་ཆོད་པར་དེ་མུར་འཇོག་གིན་མིན་ཞེས་གསུངས་པ་སོགས་སྐུ་ཞབས་ཞི་ཀྲུང་ཞིན་གྱིས་གསུངས་པ་ལྟར་རོ།།
མདོར་ན་ཁོང་ནི་སྐུ་ཞབས་ཞི་ཀྲུང་ཞིན་གྱིས་གསུངས་པ་ལྟར།  སངས་རྒྱས་ཀྱིས་ཁྱེད་ཉིད་སྐུ་བཞུགས་པར་གསོལ་བ་དང་མར་ཁེ་སིས་ཀྱང་ཁྱེད་ཉིད་སྐུ་བཞུགས་པར་གསོལ་བ་འདེབས་ངེས་ཞེས་པ་ལྟ་བུའི་སྐྱེས་བུ་ཆེན་པོ་ང་ཚོ་དང་བྲལ་སོང༌།  ཡིན་ནའང༌།  ཁོང་གི་སྙིང་སྟོབས་དང་ཁོང་གི་བསམ་བློ་ནི་ང་ཚོའི་ཆོས་སྲིད་གང་དུའང་མེད་དུ་མི་རུང་བའི་མན་ངག་བླ་ན་མེད་པ་ཞིག་ཡིན།  སྐུ་ཞབས་ཞི་ཀྲུང་ཞིན་སོགས་ཀྱིས་གང་ལ་རྗེས་དྲན་གྱི་རྩོམ་ཡིག་མང་བོ་བྲིས་ཡོད་མོད།  བོད་པ་དག་གིས་བྲིས་པ་དེ་འདྲ་མང་བོ་ཞིག་མི་འདུག

         དམུ་དགེའི་བསམ་གཏན་ནི་རིག་གནས་སྙིང་སྟོབས་ཅན་གྱི་མཁས་པ་ཞིག་ཡིན་ལ་ཁོང་་གིས་སྙིང་སྟོབས་བླ་ན་མེད་པ་བསྐྱེད་དེ།    ཁོང་གིས་བླ་བྲང་བཀྲ་ཤིས་འཁྱིལ་ནས་དགེ་བཤེས་ཀྱི་གོ་སར་འགྱིང་ཞིང༌།  སྤྱི་ཚོགས་སུ་རིག་པའི་བདུད་རྩི་འགྲེམ་པའི་དབུ་བརྩམས།  ནས་ཁོང་རིག་གསར་གྱིས་གཙེས་ན།  ཁོང་གིས་དཔའ་མ་ཞུམ།  བོད་ཡིག་ལ་ཞྭ་མོ་ནག་པོ་བསྐོན་ཞིང་ཁ་འགུལ་ན་མ་ཎི་འདོན་ཞེས་རྡུང་བའི་དུས།  ཆོས་ལུགས་པ་དག་ཀྱང་སྐྲག་ནས་སངས་རྒྱས་དང་སྟོན་པ་མེད་ཟེར་བའི་དུས་སུ་ཁོང་གིས་ལ་ཏིང་གི་གཟུགས་ཀྱིས་བོད་ཡིག་ཅིག་གསར་གཏོད་བྱས་ནས་ཆོས་དང་རིག་གནས་ཀྱི་ཕྱོགས་ལ་སྤྱད་པས་གཞན་གྱི་མིག་ལས་ཐར།  སྔོན་འགྲོ་དག་གིས་ཀྱང་དམུ་དགེ་བསམ་གཏན་དབྱིན་ཡིག་ལ་མཁས་ཞེས་པ་ལས་ཁོས་ཀློག་བཞིན་པ་དང་འབྲི་བཞིན་པ་ཆོས་དང་བོད་ཀྱི་རིག་གཞུང་ཡིན་པ་སུ་ཞིག་གིས་ཤེས།
ལོའི་སྤྱི་ཟླ་དང་བོར་པེ་ཅིན་དུ་གྲངས་ཉུང་མི་རིགས་སྐད་ཡིག་ཚན་རིག་གྲོས་བསྡུར་ལ་ཞུགས་ཏེ་ཉིན་བཅུ་གཉིས་རིང་རྩོད་གླེང་མཛད་མཐར་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་རྩ་བརླག་གཏོང་བའི་ཡིག་ཆ  “ཟིན་བྲིས་གནད་བསྡུས”  ཟེར་བ་དེ་རྩིས་མེད་དུ་བཏང།  ཟིན་བྲིས་གནད་བསྡུས་ཀྱི་བཙོན་ར་དེ་གཏོར་ནས་བོད་ཀྱི་བརྡ་སྤྲོད་དང་རིག་གནས་སླར་གསོ་བྱས།  རིག་གཞུང་གྲོས་ཚོགས་དག་ཏུ་ཁོང་གི་སྙིང་སྟོབས་ཆེན་པོའི་གཏམ་བཤད་རེ་རེ་དང་དགག་སྒྲུབ་རེ་རེ་ནི་ད་ལྟའི་གོ་ཁའི་དཔའ་གཏམ་དག་དང་གང་ནས་འདྲ།  ད་དུང་ཁོང་གིས་ “ཟིན་བྲིས་གནད་བསྡུས”  ཀྱི་དགག་ཡིག་བྲིས་ནས་མི་ཤེས་མཁན་ལ་ཁྲིད་ཅིང་མི་འདོད་མཁན་ལ་ད་ལྟ་ལན་བྲིས་ཞེས་སྐུལ་ཏེ་དུས་ཐུང་ངུའི་ནང་དུ་ཡིག་ཆ་ནག་པོ་དེ་ཉིད་རྩ་མེད་དུ་བཏང༌།  འདི་ནི་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་སྟེང་དུ་འགོད་རིན་ཡོད་པའི་གནས་ཚུལ་ཞིག་ཡིན་ལ་བོད་ཀྱི་སྙིང་སྟོབས་ཅན་གྱི་ལོ་རྒྱུས་ཁྲོད་དུ་ཉི་མ་ལྟར་ལྷང་ངེར་གསལ་བའི་མཛད་པ་ཞིག་ཀྱང་རེད།  བོད་ཀྱིས་གློག་འཕྲིན་ལ་ཅི་བྱ་གཏོད་མེད་གྱུར་དུས་ཁོང་གིས་གློག་འཕྲིན་གྱི་ཨང་ཡིག་གསར་གཏོད་བྱས་ནས་བོད་ཡིག་གློག་འཕྲིན་སྔོན་ཐོན་གྱི་གྲས་སུ་སླེབས།  ད་ལྟ་ཚན་རིག་ཚན་རིག་ཟེར་ཞིང་དེང་རབས་དེང་རབས་ཞེས་བརྗོད་ནའང་བོད་ཀྱི་དེང་རབས་ཀྱི་སྐོར་གསར་གཏོད་བྱེད་མཁན་ཐོག་མ་ཁོང་མ་ཡིན་ནམ།  ཁོང་གིས་དགག་སྒྲུབ་རེ་རེས་བོད་ཀྱི་རིག་གནས་ལ་སྲོག་རེ་རེ་བྱིན་ཡོད་ཅིང་ཁོང་གི་གཏམ་བཤད་རེ་རེས་བོད་ཀྱི་རིག་གནས་ལ་སྤོབས་པ་རེ་བྱིན་ཡོད།  ཁོང་གིས་རིགས་པ་རྣོ་བའི་རྩོམ་དག་གིས་དྭགས་པོ་སོགས་བོད་ལས་བསྐྲད་ནས་དྭ་ཕྲུག་ཏུ་མ་བཏང་ལ།  ཁོང་གིས་དགག་སྒྲུབ་རེ་རེས་བོད་ཀྱི་བརྡ་སྤྲོད་ཀྱི་རྙོག་མ་མཐའ་དག་སེལ་བར་བྱས།  ཁོང་གིས་ཨ་མདོ་ས་ཁུལ་དག་ཏུ་སློབ་སྦྱོང་འཛིན་གྲྭ་བཙུགས་ཏེ་བོད་ཀྱི་རིག་གནས་ཀྱི་མེ་རོ་གསོས།  ཁོང་གིས་བསྟན་བཅོས་བརྩམས་ཏེ་བོད་མི་རིགས་ལ་རིག་གནས་ཀྱི་བགྲོད་ལམ་ཕྱེས།  བོད་མི་ཀུན་གྱིས་ཀྱང་བོད་ཀྱི་ལོ་རྒྱུས་བརྫུན་བཟོ་ལ་རམ་འདེགས་ནས་རྫུན་མའི་འཁོར་ལོ་བསྐོར་དུས་ཁོང་གིས་མུན་པ་སེལ་བའི་སྒྲོན་མེ་སྦར་ཞིང༌།  མཁས་པ་ཀུན་དགའ་བའི་མེ་ལོང་ལ་བྱི་དོར་བྱས།  ཁོང་གི་སྙིང་སྟོབས་ནི་མཁས་པའི་སྙིང་སྟོབས་ཡིན།  ཁོང་གི་སྙིང་སྟོབས་ནི་རིག་པའི་སྙིང་སྟོབས་ཡིན།   ཁོང་གི་སྙིང་སྟོབས་ནི་རྣམ་དཔྱོད་ཀྱི་སྙིང་སྟོབས་ཡིན།  བླུན་པོའི་སྙིང་སྟོབས་ཀྱིས་རང་གཞན་ཀུན་རློག་པར་བྱེད་ཅིང་མཁས་པས་སྙིང་སྟོབས་ཀྱིས་རང་གཞན་ཀུན་སྐྱོང་བར་བྱེད།མཁས་པར་སྙིང་སྟོབས་དང་བློ་གྲོས་གཉིས་ཀྱིས་མི་རིགས་ཀྱི་མདུན་ལམ་གསལ་བར་བྱེད།  མཁས་པ་བླང་དོར་གྱི་གསུང་བཤད་རེ་རེ་སྙིང་གི་མུན་པ་སེལ་བར་བྱེད།

མཇུག་གི་གཏམ།

     ད་ལྟ་བོང་བུ་ལའང་ཞིབ་འཇུག་འབྲི་ནའང་ཁོང་རྣམ་པ་གཉིས་ལ་ཞིབ་འཇུག་འབྲི་མཁན་ཞིག་མེད་པ་འདི་ཡ་མཚན་པ་མིན་ནམ།  ད་ལྟ་ཙི་གུའི་སྙིང་སྟོབས་ཀྱང་འབྲི་བའི་སྐབས་འདིར་ཁོང་རྣམ་པ་གཉིས་ཀྱི་སྙིང་སྟོབས་གླེང་མཁན་ཞིག་མེད་པ་ནི་ཡ་མཚན་མིན་ནམ།  ད་དུང་ཝ་མོ་དག་ནི་རྒྱལ་བའི་ཁྲི་ལ་བཀོད་པའི་དུས་འདིར་དཔའ་བོ་ལ་དཔའ་བོའི་ཆོ་ལོ་དང་མཁས་པ་ལ་མཁས་པའི་ཆོ་ལོ་ཞིག་མེད་པ་འདི་ཡ་མཚན་མིན་ནམ།  ད་དུང་ཞིབ་འཇུག་བྱ་འོས་པ་དང་རྗེས་དྲན་བྱ་འོས་པ་མཁས་དབང་གསུང་རབ་རྒྱ་མཚོ་དང༌།  ཚེ་ཏན་ཞབས་དྲུང༌།  གུང་ཐང་བསྟན་པའི་དབང་ཕྱུག  ཨ་ལགས་ཤར་གདོང་སོགས་མང་མོད་འདི་གཉིས་ནི་དཔེ་མཚོན་ཞིག་ཡིན།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s