འབའ་སྲས།
ཅིའི་ཕྱིར་སྐྱེས་པ་ཕ་མས་མ་གསུངས་ལ།།
ཅི་ལྟར་སྐྱེས་པ་རང་གིས་མ་ཤེས་པར།།
སྨྲ་ཤེས་དོན་གོ་མི་ཡི་གཟུགས་ཅན་ང་།།
འཇིག་རྟེན་འདི་ན་ཡོད་པ་སྔ་ན་ཤེས།།
བཟའ་བཏུང་ཆེད་དུ་ཟེར་ན་དེ་མ་རེད།།
གཞན་དོན་ལྷུར་ལེན་བྱ་བ་ངས་མི་ཐུབ།།
ཅིའི་ཕྱིར་འཇིག་རྟེན་མི་ལ་སྐྱེས་པའི་ཚིག །
རང་ལ་དྲིས་ཀྱང་ཚིག་ལན་ངས་མ་རྙེད།།
ཆུང་ནས་རྒས་པར་གྱུར་བའི་ཉི་མ་དག །
མཚོ་ཆེན་ངོས་སུ་ཁ་བ་བབས་པ་བཞིན།།
འདི་བྱས་གང་སྒྲུབ་ཐོབ་པ་གཅིག་མེད་པས།།
ལུས་སེམས་སྟོང་བ་འཇིག་རྟེན་ཁམས་སུ་ལུས།།
གྲོག་མ་མིག་མེད་བལྟས་ན་ང་མགྱོགས་ཀྱང་།།
ཁྲོན་པའི་སྦལ་བར་བསྡུར་ན་ང་འཇོན་ཡང་།།
ད་དུང་གནས་མལ་གཏན་དུ་མ་ཁེལ་བས།།
ང་ཡི་ལུས་རྟེན་འཇིག་རྟེན་ལྷག་མ་ཞིག །
བྱ་ཞིག་ཡིན་ཡང་བྲག་ན་ཚང་ཞིག་ཡོད།།
འབུ་ཞིག་ཡིན་ཡང་འཛུལ་སའི་ཁུང་ཞིག་ཡོད།།
ས་མཐའི་རྐང་ལམ་མི་ཚེ་ཕྱེད་ཀྱིས་དེད།།
ད་དུང་གནས་མེད་ས་མཐའ་ཞིག་ན་ལྷག །
གཡས་ལ་ཅི་ཙམ་བགྲོད་ཀྱང་གཡས་ཕྱོགས་ཏེ།།
གཡོན་དུ་ཅི་ཙམ་བསྐྱོད་ཀྱང་གཡོན་ཕྱོགས་ཉིད།།
གཡས་གཡོན་གང་དུ་མ་གཏོགས་དབུས་ལམ་ཞིག །
གང་དུ་ཆས་ཀྱང་བདག་གི་མདུན་དུ་མེད།
ལྟོས་དང་སྐུ་སྲས་གཅིག་ལ་ཕོ་བྲང་བརྒྱ།།
དེ་ཡི་མཐའ་ན་འཁོར་གཡོག་ལོངས་སྤྱོད་མང་།།
བཀའ་མཆིད་གཅིག་གིས་ཆེན་པོ་འདར་བར་བྱེད།།
འཇིག་རྟེན་དབང་དུ་བསྒྱུར་བའི་མཛད་པ་མང་།།
ལུས་ཀྱི་རྐང་པ་ལམ་དུ་མ་བགྲོད་པར།།
དབང་གི་ལག་པས་ཡོངས་སུ་བཅིངས་བྱེད་པའི།།
མི་བུ་དེ་དག་སྐྱེས་པར་དོན་ཆེ་ན།།
ཁོ་བོས་ལམ་དེ་ཡོངས་སུ་མ་རྙེད་དོ།།
སྔོན་བྱས་ཅི་སྒྲུབ་རྟ་ཕོ་ལག་པའི་རྗེས།།
ཟད་སོང་རྐང་པའི་རྨིག་གིས་བསུབས་གྱུར་བའི།།
རྐང་ལག་གཉིས་ཀ་བསྐྱོད་པའི་ཤུལ་ལམ་དུ།།
རང་ལ་དབང་བ་ཡི་གེའི་རི་མོ་ཙམ།།
༡༡/༠༢/༡༥ ལས་ཀར་འགྲོ་བའི་ལམ་བར་ས་འོག་མེ་འཁོར་ནས།
ངེད་དྲ་ཚིགས།