རྩོམ་སྒྲིག་པ། བདེ་ལྷ་མོ།

       ཨ་ཧྥུ་ཀ་ནི་སི་ཐན་ནས་གསར་རྙེད་བྱུང་བའི་ལོ་ངོ༢༦༠༠སྔོན་གྱི་ནང་བའི་དགོན་པའི་ནང་རིག་དངོས་འབོར་ཆེན་ལྷག་འདུག
དབྱིན་ཇུའི《ཉིན་རེའི་སྦྲགས་ཚགས》སྟེང་བཀོད་པ་ལྟར་ན།  ཀྲུང་གོའི་ཀུང་སི་ཞིག་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཡུལ་དབུས Mes Aynak  ཞེས་པའི་ས་ཆ་ནས་ཟངས་གཏེར་སྔོག་འདོན་བྱེད་སྐབས།  དར་གོས་འགྲུལ་ལམ་སྟེང་དུ་བཞེངས་པའི་ལོ་ངོ༢༦༠༠སྔོན་གྱི་ནང་བའི་དགོན་པ་ཞིག་གསར་རྙེད་བྱུང་ཡོད་ལ།  དེ་ནི་གནའ་དཔྱོད་གསར་རྙེད་ཆེན་པོ་ཞིག་ཏུ་ཆགས་ཡོད་འདུག
གནའ་དཔྱོད་ཆེད་མཁས་པས་ངོ་སྤྲོད་གནང་བ་ལྟར་ན།   དགོན་པ་དེ་ནི་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁན་པོའོ་འུར་གྱི་ལྷོ་ཡི་སྤྱི་ལེ༣༠མཚམས་སུ་ཡོད་ཅིང་།  ད་ལོའི་ཟླ ༥བའི་ནང་གསར་རྙེད་བྱུང་བ་ཡིན་མོད།  ད་ལྟའི་བར་དུ་ཕྱིར་བསྒྲགས་མ་གནང་བ་རེད།  སྤྱི་ལོ་སྔོན་གྱི་དུས་རབས ༧པའི་ནང་བཞེངས་པའི་ནང་བསྟན་དགོན་པ་དེའི་ནང་རང་བསྲེལ་མཆོད་རྟེན་ཁ་ཤས་དང་། ལྷ་སྐུ་ཆེ་ཆུང་ ༡༥༠ལྷག གསེར་དང་སྒོར་མོ་སོགས་ཀྱི་རྒྱན་རིས་ཡོད་པའི་ལྡེབས་རིས་བཅས་ཚུད་འདུག
མིག་སྔར་ཨ་ཧྥུ་ཀ་ནི་སི་ཐན་དང་ཧྥ་རན་སི་ནས་ཡོང་བའི་གནའ་དཔྱོད་ཆེད་མཁས་པ ༡༨ཀྱིས་བཟོ་ལས་པ་དག་ཁྲིད་ནས་སྤྱི་ལེ་གྲུ་བཞི་མ༢ཀྱི་ཡུལ་དངོས་སུ་མུ་མཐུད་ནས་སྔོག་འདོན་བྱ་བཞིན་ཡོད་ཅིང་།  སྔོག་འདོན་ལས་ཀའི་འགན་ཁུར་བ་ཧྥ་རན་སིའི་གནའ་དཔྱོད་ཆེད་མཁས་པ་མ་ཁེ་སུ་ཡིས་གསུངས་པར།  ལོ་རྒྱུས་སྟེང་དུ་ས་གནས་འདི་ནི་དར་གོས་འགྲུལ་ལམ་གྱི་དཀྱོགས་མཚམས་ཤིག་ཡིན་ལ།  ས་ཆ་འདིར་རིག་དངོས་རྩ་ཆེན་མང་པོ་ས་འོག་ཏུ་མནན་ཡོད་པ་དང་།  དེ་ཚོའི་གྲངས་ཀ་ནི་རྒྱལ་ཁབ་དངོས་མང་རྟེན་རྫས་ཁང་ནང་དུའང་ཤོང་དཀའ་བའི་ཚད་དུ་སླེབས་ཡོད།
ཤེས་གསལ་ལྟར་ན།  Mes Aynak དགོན་པའི་རིག་དངོས་ཆ་ཚང་སྔོག་འདོན་བྱ་དགོས་ན་མ་མཐའ་ཡང་ལོ  ༣འགོར་ངེས་ཤིང་།  རིག་དངོས་འདི་དག་ལ་སྲུང་སྐྱོབ་ཡག་པོ་བྱ་ཆེད་ད་ལྟ་དགོན་པའི་ཉེ་འདབས་ཀྱི་གཏེར་འདོན་ལས་ཀའི་མཚམས་བཞག་འདུག
ཨ་ཧྥུ་ཀ་ནི་སི་ཐན་ནི་འཛམ་གླིང་ཤར་ནུབ་སྦྲེལ་བའི་འགག་གནས་ཤིག་ཡིན་པའི་ཆ་ནས།  ཨ་ཧྥུ་ཀ་ནི་སི་ཐན་དུ་ལོ་རྒྱུས་རིག་དངོས་ཤིན་ཏུ་མོད།  འོན་ཀྱང་སུའུ་ལེན་གྱིས་བཙན་འཛུལ་དང་།  ཨ་ཧྥུ་ཀ་ནི་སི་ཐན་གྱི་ནང་འཁྲུག ཨ་རིའི་འཇིགས་རྒོལ་དམག་འཁྲུག་སོགས་འཁྲུག་ཟིང་བསྟུད་མར་བྱུང་བས།  རིག་དངོས་ལ་ཆག་སྒོ་ཚབས་ཆེན་བྱུང་ཡོད།  ༢༠༠༡ ལོའི་ཟླ ༣པའི་ནང་ཐ་ལི་པན་གྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་སྐད་འབོད་ལ་དོ་སྣང་མ་བྱས་པར་སྦ་མས་ཡང་ས་ཆའི་སངས་རྒྱས་ཀྱི་སྐུ་གཟུགས་འབར་མདེལ་གྱིས་གཏོར།  བྱ་སྤྱོད་དེས་འཛམ་གླིང་ཡོངས་ཧང་སང་དུ་བཅུག་མོད།  དེ་ནི་རིག་དངོས་ལ་གཏོར་སྐྱོན་ཕོག་པའི་ཆ་གཅིག་ཁོ་ན་ཙམ་སྟེ།  སྦ་མས་ཡང་སྐུ་གཟུགས་ལས་གཞན་ཨ་ཧྥུ་ཀ་ནི་སི་ཐན་གྱི་རིག་དངོས་གྲངས་ལས་འདས་པ་ཞིག་ལ་གཏོར་སྐྱོན་དང་།  རྐུ་འཕྲོག ལྐོག་ཚོང་བཅས་ཐེབས་ཡོད།

ཡོང་ཁུངས་བོད་ནང་གི་དྲ་བ། 

དཔྱད་མཆན་སྤེལ།

%d bloggers like this: