མཚོ་ལྷོ། འབའ་དུང་སྲས།
གནམ་སའི་བར་ཐག་འབྱེད་པའི
ངའི་དད་རྟེན་གྱི་སྒོ་འཕར་ཕྱེས་པའི་ཆོས་སྡེ་ཆེན་མོ
འདི་ཕྱིའི་བང་སོ་གཏོད་པའི
ངའི་བླ་སྲོག་གི་རིན་ཐང་གཞལ་པའི་མི་ཡུལ་གྱི་ཤམ་བྷ་ལ
ཁྱེད་ཀྱི་རྒྱ་ཕིབས་སེར་པོའི་ཐུ་འོག་ནས
ང་དང་ཁྱེད
ཡང་ན་འུ་ཅག་ཚང་མས
རྨི་ལམ་ཡག་པོ་ཞིག་གི་རེ་ཕུགས་འཚོལ་བཞིན
དམ་བཅའ་གཙང་མ་ཞིག་ལ་ཁ་དོག་བསྐྲུན་ཡོད
ང་དང་ལས་དབང་གཅིག་པའི་ཁྱོད
ཁྱེད་དང་བསམ་ཕྱོགས་མཐུན་པའི་ང
ངེད་ཅག་ཚང་མས
ལག་ཟུང་གཅིག་སྒྲིལ་དང
གོམ་ཁ་གཅིག་གཤིབ་ཀྱིས
འུ་ཅག་འཚོ་སའི་ཤམ་བྷ་ལ་སྟེ
མི་ཡུལ་གྱི་དག་ཞིང་འདི་རུ
འོད་ཀྱི་བཅུད་དང
དྲོད་ཀྱི་རྟེན
ཡང་ན
ཚོར་ཤེས་མ་བོར་བའི་ཧ་ཅང་ཉམ་ཐག་པའི
རང་ཉིད་ཀྱི་གཟུགས་བརྙན་དེ་དག
ཁྱེད་ཀྱི་གསལ་ཞིང་དྭངས་པའི་མིག་ལམ་དུ་བསྐྱལ་འདོད་ཀྱང
ཁྱེད་ཀྱི་བརྟན་ཞིང་བརླང་བའི་བླ་སྲོག་གི་གཞི་རྟེན་དུ་བཅོལ་འདོད་ཡོད
ལོ་ཟླའི་ཁ་ཆར་གྱིས་མ་རྙིངས་པའི་གནས་དེ་ནི
གཟི་ཉམས་དང་དཔའ་སྤོབས་ཀྱིས་འགྱིང་བའི
མཛེས་སྡུག་གི་མཁའ་དབྱིངས་ཞིག་སྟེ
འུ་ཅག་འཚོ་སའི་ཤམ་བྷ་ལ
མཚར་སྣང་གི་རྨི་ལམ་ལ་ཕྱོགས་དྲགས་པའི
ངའི་མིག་ལམ་དུ
གཡུ་ཡི་འདབ་མ་ས་ལ་འཕོས་འདྲའི
མི་ཡུལ་གྱི་དག་ཞིང་དུ་སྒོམ་མྱོང་ཞིང
གསེར་གྱི་ལོ་འདབ་མཁའ་རུ་འཕྱུར་བའི་ལྷ་ཡུལ་གྱི
གནས་མལ་དུ་སེམས་མྱོང་ཡོད
འུ་ཅག་འཚོ་སའི་ཤམ་བྷ་ལ
བཞུད་ཟིན་པའི་མེས་པོ་ཚོའི་ཤེས་རབ་བླ་ན་འཕགས་པའི་མ་ཡུམ
འཚོ་བཞིན་པའི་སྐྱེས་ཆེན་ཚོའི་བདེན་ལུགས་གཏིང་མཐའ་ཆོད་པའི་བསྟི་གནས
སད་རྟོགས་ཀྱི་བསམ་ཕུགས་དྲག་པོས
ང་དང་ངའི་ལས་དབང་གི་ཁ་དོག་བསྒྱུར་ཀྱང
རེ་སྨོན་གྱི་རྨུ་ཐག་རིང་མོས
འུ་ཅག་ཚང་མའི་འཚོ་བའི་གྲིབ་བསིལ་གྱི་ཟུར་ཁ་རེ་རེར
གནས་ལུགས་མི་འདྲ་བའི་ཁ་དོག་སྣ་ལྔའི་མཛེས་ཆ་བཏོད་ཡོད་པ་སུ་ལ་གསང
གངས་རི་དཀར་པོའི་ནུ་ཞོ་དང་བྲལ་མ་མྱོང་བའི་ཁྱོད
གསལ་བྱེད་སུམ་ཅུའི་དབྱངས་རྟ་དང་གྱེས་མྱོང་མ་བའི་ཁྱོད
ལྷ་ཆོས་ཟབ་མོའི་རེ་འདུན་གྱིས་སྟོང་མ་མྱོང་བའི་ཁྱོད
འུ་ཅག་འཚོ་སའི་ཤམ་བྷ་ལ
ནམ་རྒྱུན་ངའི་ཡིད་ལ་བརྣག་ཅིང
སེམས་ལ་ཐོགས་ཡོད་པའི་ཤམ་བྷ་ལ།
༢༠༡༣ ༦ ༣ ཉིན།
ངེད་དྲ་ཚིགས།