རུ་མང་འཕྲིན་ལས་རྒྱ་མཚོ།
དེ་རིང་ནི་སྤྱི་ཟླ་༢.༢༡ཉིན་ཏེ་འཛམ་གླིང་ཕ་སྐད་ཉིན་མོ་ཡིན། ཕྲན་གྱིས་དུས་ཆེན་འདིར་བོད་ཀྱི་ཕ་སྐད་ཐད་ཕྱིར་འདང་ཉུང་ཙམ་བྱེད་འདོད། དེ་ཡང་དུས་རབས་རེ་རེ་དང་ལོ་རབས་རེ་རེའི་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་འབྲེལ་འདྲེས་བརྒྱུད་ནས་རང་རེ་བོད་ཀྱི་ཕ་སྐད་གཙང་མ་ལ་འདྲ་མིན་སྣ་ཚོགས་ཀྱི་སླད་སྐྱོན་མང་བོ་བྱུང་བས་འཛམ་གླིང་ཆེད་མཁས་པས་ཞིབ་འཇུག་བརྒྱུད་གཏན་འཁེལ་བྱས་པ་ལྟར་སྐད་རིགས་ཤིག་ཉམས་པ་ལ་བརྒྱུད་རིམ་བཞི་བརྩིས་ཡོད་པ་ལས་སྐབས་དེའི་རང་རེའི་བོད་སྐད་ལ་ཆ་རྐྱེན་ནམ་བརྒྱུད་རིམ་བཞི་བོ་དེ་ཕལ་ཆེར་ཚང་ནས་འདུག་པས་ཉམས་པའི་ཕྱོགས་སུ་འགྲོ་བའི་སྐབས་ལ། ཀུན་གཟིགས་པཎ་ཆེན་བཅུ་བ་ཆེན་མོ་དང་། དེང་རབས་མཁས་པ་མི་གསུམ་དུ་བགྲངས་པའི་ངེས་དོན་ཀྱི་མཁས་དབང་རྗེ་དམུ་དགེ་བསམ་གཏམ་རྒྱ་མཚོ། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཚང་བཅས་ཀྱིས་བོད་ཁུལ་གྱི་ཆོས་དང་རིག་གཞུང་གི་ལས་སྒོ་སྣ་ཚོགས་སུ་སླད་ཞུགས་པའི་བོད་སྐད་བོད་ཡིག་གི་གསར་འགྱུར་དང་མཚམས་སྦྱོར་སྣ་ཚོགས་སོགས་ལ་སྐྱོན་བརྗོད་དང་ཐེར་འདོན་གནང་སྟེ། ཕ་སྐད་གཙང་མའི་འཕྲིན་ལས་རྒྱས་པར་གཞོག་འདེགས་གནང་། ཁྱད་པར་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དུས་རྒྱུན་ཕྱག་ལས་སྣ་ཚོགས་གང་གི་སྐབས་ལའང་བོད་སྐད་བོད་ཡིག་རྣམ་དག་ལ་ཐུགས་འཇོག་གནང་སྟེ་སླད་སྐྱོན་ཅན་གྱི་ཐ་སྙད་གཅིག་ཀྱང་རང་དགར་མི་བསྐྱུར་བར་སྐྱོན་བརྗོད་དང་བཀའ་བཀྱོན་ཚ་ནན་གནང་། དཔེར་ན་༡༩༧༩ལོར་ཁོང་རིན་པོ་ཆེ་མཚོ་སྔོན་དུ་ཕེབས་དུས་གསུང་བཤད་ཅིག་གི་སྐབས་ལ་ས་གནས་འགོ་ཁྲིད་ཅིག་གིས་འགོ་འཛིན་བྱས་ཏེ། “ཞོལ་ནས་ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་ཨེར་ཏི་ནི་ཡིས་ཅཱང་ཧྭ་(讲话)བྱེད་རྒྱུ་རེད། ” ཅེས་བརྗོད་པ་ལ་ཁོང་ཐུགས་རྒྱལ་བཞེངས་ནས་ཐད་ཀར་ཚོགས་འདུའི་བརྗོད་དོན་ཡང་བསྐྱུར་ཏེ་ཚུལ་དེ་ལ་སྐྱོན་བརྗོད་དང་བཀའ་བཀྱོན་ཚ་ནན་གནང་ཞིང་རིམ་པ་སོ་སོའི་འགོ་ཁྲིད་དང་ལས་བྱེད་ཚོ་ཚིག་གིས་དེད་ནས་རྐང་སུག་ཀྱང་སར་མི་ཚུགས་པར་འདར་འདར་དུ་བཏང་། དེ་ལྟར་ཁོང་གིས་ཕ་སྐད་གཙང་མ་ལ་གཅེས་སྐྱོང་གནང་། ༡༩༨༩ལོར་གངས་ཅན་བོད་ཀྱི་བསོད་ནམས་ཀྱིས་མ་ཐེག་པར་ ༧ཀུན་གཟིགས་པན་ཆེན་བཅུ་བ་ཆེན་མོ་མཆོག་གློ་བུར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་དུས་དེ་ནས་བཟུང་བོད་ཁམས་འདིར་བོད་ཀྱི་ཆོས་དང་རིག་གནས་ལ་སྟོབས་ཤུགས་ཞན་ཅིང་བདག་པོའང་ཅུང་ཇེ་ཉུང་ལ་འགྲོ་བ་དང་། ལྷག་པར་དུ་ཕ་སྐད་གཙང་མའི་ལྗགས་ཀྱི་འདབ་མ་ལ་སྦྲགས་སྐད་ལྕགས་ཀྱི་མཛེར་མ་ཇེ་མང་ནས་ཇེ་མང་ལ་འགྲོ་བའི་སྐབས་དེར་ཏག་ཏག་སྣུམ་ཟད་མར་མེའི་འོད་ལ་ཏིལ་མར་བབ་པ་ནི་ ༡༩༩༤ ལོར་ཚུགས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་རེད། སློབ་གླིང་འདི་ཚུགས་ནས་ལོ་ངོ་གཉིས་གསུམ་ཙམ་ནས་བཟུང་བོད་རང་གི་རིག་གནས་ཀྱི་གཞི་རྐང་སྟེང་བརྟན་པོར་ལངས་ཏེ་ཕ་སྐད་གཙང་མ་སྨྲ་བའི་འབོད་སྐད་བསྒྲགས། དགེ་སློབ་ཀུན་གྱིས་ཕ་སྐད་ལ་དོ་སྣང་ནན་མོ་གནང་ཞིང་སྦྲགས་སྐད་རེ་ལ་ཐལ་ལྕག་དང་ཤ་གཅུ། ལེགས་བཤད་བློར་འཛིན་སོགས་ཀྱི་ཆད་པ་སྣ་ཚོགས་མ་བསམ་ས་ནས་ཉོ་ངེས་ཡིན། སྐབས་དེར་གཞུང་ལས་ཁང་ལོགས་སུ་མེད་སྟབས་དགེ་རྒན་རྣམས་ཀྱིས་ལྷན་དུ་གསུང་གླེང་མང་བོ་གནང་ས་ནི་ཇ་ཁང་ཡིན་པས་དེ་རུ་ཕ་སྐད་གཡང་གི་སྒམ་ཆུང་ཟེར་བ་ཞིག་ཡོད། སུས་སྦྲགས་སྐད་བཤད་ན་སྒམ་ཆུང་ནང་ལ་སྒོར་གཅིག་འཕེན་པའི་འགྲིག་ལམ་ཚུགས། སྒམ་ཆུང་དེས་ཇ་ཁང་ནང་མི་ཡོང་ཡོང་ཀུན་གྱི་ཁར་བལྟས་བལྟས་ངང་བསྡད་ནས་སྦྲགས་སྐད་བཤད་མཁན་ཞིག་ཡིན་ན་གོང་རིམ་མགོ་ཁྲིད་དང་བླ་སྤྲུལ་སྐུ་མགྲོན་སུ་ཡིན་ཀྱང་ཡ་ང་དང་རྫུ་བག་མེད་པར་སྦྲགས་སྐད་རེར་སྒོར་གཅིག་རེ་ལེན་ངེས་ཡིན། སློབ་སྐབས་རེ་རེའི་དབྱར་དགུན་གནང་སྐབས་དགེ་སློབ་ཀུན་གྱིས་བོད་ཁུལ་གྱི་ས་གནས་སོ་སོར་ཕ་སྐད་གཙང་མ་སྨྲ་བའི་འབོད་སྐད་ཤུགས་ཆེན་པོར་བཏོན་པས་གྲུབ་འབྲས་མི་དམན་པ་རེ་ཐོབ། ཚུལ་འདི་དག་ནི་གོང་གི་སྐྱེས་ཆེན་དེ་དག་གི་འཕྲིན་ལས་ལས་བྱུང་བའི་བོད་ཁུལ་ལ་ཕ་སྐད་གཙང་མ་བརྗོད་འབོད་པ་དང་བོ་སྟེ། མི་སྒེར་ཙམ་མ་ཡིན་པར་ཚོགས་སྡེའི་རྣམ་པའི་སྒོ་ནས་བོད་ཁུལ་ལ་ཕ་སྐད་ཀྱི་འབོད་སྐད་གཏོང་མཁན་དང་བོ་ཡིན། ད་ལྟའི་བར་ཕ་སྐད་སློབ་དེབ་དཔེ་ཆ་སྣ་ཚོགས་དང་། འོད་སྡེར། ཀློག་འདོན་འཕྲུལ་སྨྱུག་སོགས་ཁྲི་ལྔ་བཅུ་ལྷག་བོད་མདོ་དབུས་ཁམས་གསུམ་གྱི་སྤྱི་ཚོགས་སུ་བཀྲམ་ཡོད།
༢༠༡༥། ༠༢། ༢༠ཉིན།
ངེད་དྲ་ཚིགས།