མགར་བཟའ།
ལྗང་ནེམ་ནེམ་གྱི་ཞོགས་པ་ཇི་ལྟར་མཛེས་ནའང་།
ཤ་དྲོད་དབེན་པའི་སྐྱི་པགས་རྫོབ་པོ་དག་གིས།
སྒོ་དང་སྒེའུ་ཁུང་གང་རུང་ནས་སྐེ་སོ་བལྟས་བྱུང་།
གྲིབ་སོ་རེ་རེ་གློག་རླབས་ཀྱིས་ཧྲུག་གེར་འཆོས་ཤིང་།
དབུགས་རྒྱུན་ཡོད་ཚད་འཕྲུལ་ཆས་ཀྱིས་ཡོངས་སུ་དགག་འདུག་པ་འདྲ།
ཏག་ཏག་བར་སྐབས་འདིར།
སེམས་པ་ནི་གཤོག་ཐོགས་ཤིག་དང་འདྲ་བར།
འཆར་ཡན་གྱི་བར་སྣང་ནས་རླུང་གིས་ཡང་ཡང་གསེད།
བྱ་ཁྱུ་བག་ཡངས་ཀྱིས་རྒྱུ་བའི་གླིང་ཀ
རྩ་ཐང་བཅོས་མ་ཞིག་སྟེ
ཕྱི་ཚུལ་ནས་ཁ་དོག་གསོབ་རྫུ་རེ་གྱོན་ཏེ།
གྲོང་ཁྱེར་ཁོ་ནས་རོལ་དབྱངས་ལ་ཕྱོགས་དུས།
ངས་བཙལ་ཆོག་ཆོག་གི་མིག་ཟུང་དེ་རྙེད་ཐབས་མི་འདུག
གངས་རིའི་སྙིང་ཁ་ནས་ལམ་ལ་ཆས་ཏེ།
རྒྱ་མཚོའི་རླབས་རྒྱུན་དང་དབྱངས་འགྲོས་ལ་འཁྱུད་དུས།
རྨི་ལམ་གྱི་སྒོ་མོ་འདི་འདས་སོང་དང་སང་ཉིན་ལ་ཕུལ་ཆོག་གམ།
འདི་ལྟར་ཁ་སང་གི་འགྲོ་ལམ་ནོར་སོང་ན།
དེ་རིང་གི་ངག་སྒྲུང་བོར་བྱུང་ན།
ཡང་ན་སང་ཉིན་གྱི་གདོང་རིས་འགྱུར་དགོས་ན།
སུ་ཞིག་ལ་གནོང་དགོས་པ་ལྟ་བུའི་ཡིག་འབྲུ་ནག་པོ
རང་ཉིད་ཁོ་ནའི་སེམས་ཀྱི་དུར་ཐང་ན།
ལྷོག་ལྷོག་ཏུ་འགུལ་བའི་རྣམ་ཤེས་ལྷག་མ་དེའོ།
འདི་ལྟར་ས་ཆེན་པོའི་ལག་མཐུལ་ནས།
སེམས་ཀྱི་ཟབ་ས་ནས་བརྩེ་འདང་ཁོ་ནས་གྲིབ་གཟུགས་འཚོལ་དུས།
མཐའ་མེད་པའི་བྱེ་ཐང་དང་རྒྱ་མཚོ་ཙམ་ལས།
ང་ལ་དབང་ཆོག་ཆོག་གི་བླ་རི་ཞིག་མེད་པ་ཚོར།
ཉི་ཟེར་གྱིས་འཁྱུད་པའི་རྒྱ་མཚོའི་ངོགས་སུ།
ཁ་དོག་ཅི་ཡང་འཛོམས་པ་བདེན་མོད།
སིག་སིག་འཕྱོ་བའི་ངའི་མེས་པོའི་རལ་པ་མི་འདུག
རྨི་ལམ་དཀྲོགས་པའི་རྩྭ་ཐང་གི་ཞོགས་གླུ་མི་འདུག
ངའི་བླ་སྲོག་བསྐྲུན་པའི་ཀ་ཁའི་གླེགས་བམ་མི་འདུག
གང་ཡང་མེད་དུས།
བདག་མེད་དུ་ཡན་པའི་བྱ་ཁྱུའི་གཤོག་འགྱུར་ནི།
ཆེས་མཁོ་བའི་སེམས་གསོའི་སྣང་བ་ཙམ་མོ།
༢༠༡༥ ༢ ༢༠ཉིན་བྲིས།
ངེད་དྲ་ཚིགས།