རྡོ་རྗེ་རིན་ཆེན་གྱིས་བྲིས།

   སྔོན་མ་རྗེའུ་ཤུ་མི་རིགས་ཀྱིས་ཉིན་རེའི་ཞོགས་ཟས་མ་ཟོས་སྔོན་དུ། ནང་མི་ཚང་མ་མཉམ་མཛོམས་ཀྱིས། རྒྱལ་ཁབ་ཤོར་བ་དང་དགྲ་བོ་ལ་དྲན་གསོ་གནང་རྗེས། ཞོགས་ཟས་ཟ་བའི་ལོ་རྒྱུས་ཡོད།    ང་ཚོས་དེ་འདྲ་བྱེད་མ་ཐུབ་རུང་། བོད་མི་ཚང་མས་ལོ་གསར་བའི་ནང་རྗེའུ་ཤུའི་མི་རིགས་བཞིན། ལོ་གསར་ཚེས་གཅིག་གི་ཟས་མཆོག་ལ་མ་རོལ་སྔོན་དུ།   རང་གི་རྒྱལ་ཁབ་ཀྱི་ཆགས་འཇིག་དང་མི་རིགས་ཀྱི་ལས་དབང་། དགྲ་བོའི་གཉའ་གནོན་སོགས་ལ་དྲན་གསོ་གནང་རྗེས། ལོ་གསར་བ་བསུ་རོགས།

 གཅིག་ན། བདག་གིས་དྲན་སྐུལ་མ་གནང་རུང་། བོད་མི་ཚོས་དེ་ལྟར་གནང་སྲིད་ངེས་ཏེ། ལོ་གསར་ནི་ལོ་ཡི་འཁོར་མོ་གཅིག་ནང་གི་ཁྱིམ་མི་ལྷན་འཛོམས་དང་། དགའ་སྐྱིད་མཉམ་རོལ་ཡོང་བའི་དུས་ཆེན་ཆེ་ཤོས་ཤིག་ཡིན་རྐྱེན།    ང་ཚོ་བོད་མི་རྣམས་ལོ་ངོ་མང་བོའི་རིང་དུ། ཕ་མ་བུ་ཕྲུག་ཁ་བྲལ་དུ་སོང་ཡོད་དང་། བླ་མ་དང་སྐྱབས་འབངས་སོ་སོར་གྱེས་པ། རྒྱབ་ཁབ་དང་མི་རིགས་ཕྱོགས་སུ་འཁྱམས་པ་ལ་སོགས།     དྲན་པ་ཙམ་གྱིས་ཡིད་སྐྱོ་ཞིང་སེམས་སྡུག་ནས་མིག་ཆུ་ཤོར་འགྲོ་བའི་ལས་དབང་ཡ་ང་བ་ཞིག་གི་འོག ད་དུང་གནས་མུས་སུ་ཡོད་པས་སོ།།   བདག་གིས་ལོ་གསར་ཚེས་གཅིག་ལ་དགྲ་བོར་ཤ་འཁོན་འཆང་དགོས་ལབ་པ་མ་ཡིན་མོད། ང་ཚོས་རང་ཅག་གི་མི་རབས་ཕྱི་མ་རྣམས་ལའང་མུ་ནས་མུ།   མུན་ནག་དང་ཆར་རླུང་། བྱེ་ཐང་དང་དམྱལ་ཡུལ་ལྟ་བུའི་ལོ་ཟླ་འདི། ཁོ་ཚོས་མྱང་མི་དགོས་པ་ཞིག་གནང་དགོས་པར་འདོད།   མི་སྒེར་ཞིག་གི་སྡུག་བསྔལ་དང་མནར་གཅོད་ནི། ཆེས་རིང་མཐའ་ལའང་མི་ཚེ་གཅིག་ལས་མྱང་མི་དགོས་མོད།   ཡིན་ནའང་། མི་རིགས་ཤིག་གི་སྡུག་བསྔལ་དང་གཉའ་གནོན་མནར་གཅོད་ལ་སོགས་ནི། དེ་འདྲ་ཞིག་གཏན་ནས་མ་ཡིན་ཏེ།   མི་རབས་ནས་མི་རབས་སུ་དང་། བུ་རབས་ནས་བུ་རབས་ཚ་རྒྱུད་རྣམས་ཀྱིས། ལོ་ངོ་བརྒྱ་སྟོང་གི་རིང་དུ། ལྕགས་ཐག་བཞིན་དུ་དེ་ཉིད་མ་གཏོར་གྱིས་མཚམས་སུ། ལུས་ཀྱིས་མྱང་ནས་སེམས་ཀྱིས་ཚོར་དགོས།

  མདོར་ན། དེ་རིང་རང་གིས་རང་ལ་མི་རིགས་དགོས་སམ་མི་དགོས། རྒྱལ་ཁབ་དགོས་སམ་མི་དགོས། དེ་ལས་ཀྱང་མདོར་བསྡུས་ན། རང་ཉིད་སུ་ཡིན་པ་འདྲི་བར་བྱའོ།།

༢༠༡༥།༢།༡༩།དང་། བོད་ལོའི་ལོ་གསར་ཚེས་གཅིག་ཉིན།
ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: