ནང་པའི་དགེ་སློང་ཞིག་གི་དམར་གདུང་རྙེད།

   ཁ་སང་ཧོ་ལན་ཌིའི་འགྲེམས་སྟོན་ཁང་ཞིག་གིས་སྐུ་བརྙན་ཞིག་ལ་བརྟག་དཔྱད་བྱས་པ་བརྒྱུད་དེའི་ནང་ལོ་ངོ་ ༡༡༠༠ ཙམ་སོང་པའི་རྒྱའི་ནང་པའི་དགེ་སློང་ལིའུ་ཆུན་དམར་གདུང་དུ་བཞུགས་ཡོད་པ་ཤེས་རྟོགས་བྱུང་འདུག
ཁ་སང་ཧོ་ལན་ཌི་རྒྱལ་ཁབ་ཀྱི་ཌི་རན་ཌི་སེ་ (Drents)འགྲེམས་སྟོན་ཁང་གིས་སྨན་དཔྱད་ལྟེ་གནས་ཁང་གི་རིགས་གཅིག་མཁས་དབང་ཁག་ཅིག་ལ། རྒྱ་ནག་ནས་ཐོན་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་རྙིང་པ་ཞིག་ལ་(CT Scan)ཞེས་པའི་འཕྲུལ་ཆས་ནང་བརྟག་དཔྱད་བྱས་པ་བརྒྱུད་དེ། སྐུ་བརྙན་དེའི་ནང་ལོ་ངོ་ ༡༡༠༠ ཙམ་སོང་བའི་དམར་གདུང་ཞིག་བཞུགས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། དེ་ནི་རྒྱ་ནག་གི་ནང་པའི་སློབ་དཔོན་ལིའུ་ཆུན་ (Liu Quan) གྱི་དམར་གདུང་ཡིན་པ་ར་སྤྲོད་བྱུང་ཡོད་འདུག
ཌི་རན་སེ་འགྲེམས་སྟོན་ཁང་གིས་གསལ་བསྒྲགས་སྤེལ་དོན།  “སྐུ་བརྙན་དེའི་ཕྱི་ངོས་ལ་བལྟས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཆེན་པོ་ཞིག་ལས་གཞན་གང་ཡང་མཐོང་རྒྱུ་མེད་སྟབས།  ང་ཚོས་སྐུ་བརྙན་དེའི་ནང་ག་རེ་ཡོད་མེད་བརྟག་དཔྱད་བྱས་སྐབས། དེ་ནི་ལོ་ ༡༡༠༠ སྐབས་ཀྱི་རྒྱ་ནག་གི་ནང་པའི་སློབ་དཔོན་ལེའུ་ཆུན་གྱི་ནང་ཁྲོལ་ཚང་མ་བཏོན་ཏེ།  དེའི་ཚབ་ཏུ་རྒྱ་ཡིག་ཐོག་བྲིས་པའི་ཡིག་རྙིང་ཁག་ཅིག་བླུགས་ཡོད་པའི་དམར་གདུང་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད་པ་མ་ཟད།  ལེའུ་ཆུན་གྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཆེད་རང་ཉིད་དམར་གདུང་དུ་བཞུགས་ཆེད་ (self-mummification) ཉམས་ལེན་བྱས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད།” ཅེས་བཀོད་འདུག
ཕུང་ཁམས་བརྟག་ཞིབ་པ་ཝན་ (van Vilsteren) གྱིས་གསར་འགོད་པར། “འདས་པའི་ལོ་རྒྱུས་ཁྲོད་ནང་པའི་དགེ་སློང་རྒན་གྲས་ཚོས་སོ་སོ་དམར་གདུང་དུ་བཞུགས་པའི་ཉམས་ལེན་དོན་འཁྱོལ་གནང་མཁན་མང་པོ་བྱུང་ཡོད།  ལྷག་པར་དུ་རྒྱ་ནག་དང་ཉི་ཧོང་། ལའོ་སེ་དང་ཀོ་རི་ཡ་སོགས་ཀྱི་ནང་པའི་རྒྱལ་ཁབ་ཁག་ནང་དམར་གདུང་དུ་བཞུགས་པའི་ཉམས་ལེན་པ་མང་པོ་བྱུང་ཡོད་ཀྱང་།  ད་བར་དགེ་སློང་ལིའུ་ཆུན་གྱིས་སོ་སོ་དམར་གདུང་དུ་བཞུགས་སྟངས་འདི་འདྲ་སུས་ཀྱང་ཤེས་མེད།” ཅེས་བརྗོད་འདུག
གསར་རྟོགས་དུས་དེབ་ (Discover Magazine) དྲ་རྒྱའི་ཐོག  རང་ངོས་ནས་དམར་གདུང་དུ་བཞུགས་པའི་ཉམས་ལེན་  (self-mummification) ཐོབ་པར་དགེ་འདུན་པ་ཚོས་ཉིན་ ༡༠༠༠ རིང་བཅུད་ལྡན་གྱི་འབྲུ་རིགས་དང་ཤིང་འབྲས་རིགས་བཟའ་རྒྱུ་མེད་པ་དང་། དེའི་རྗེས་ཤིང་ཏོག་གི་ཁུ་བ་སོགས་མ་བཏུང་བར་ཉིན་གྲངས་ ༡༠༠༠ བཅས་ཁྱོན་ཉིན་གྲངས་ ༢༠༠༠ འདས་རྗེས། ཉམས་ལེན་བྱེད་མཁན་དག་གིས་དུག་ཆུའི་རིགས་བཏུང་ནས་ཕྲ་སྲིན་ (bacteria) དང་འབུ་སྲིན་རིགས་ཀྱི་གནོད་པ་མི་འབྱུང་བ་བྱས་རྗེས།  དྲིལ་བུའི་སྒྲ་དང་མཁའ་རླུང་འགྲོ་སའི་རྡོའི་པུར་ཁང་ཞིག་འཛུལ་ནས་སྒོམ་བརྒྱབ་ནས་སྡོད་དགོས་པ་མ་ཟད།  ཉིན་རེ་སོང་རྗེས་དགེ་འདུན་པ་དེས་དྲིལ་བུ་དཀྲོལ་དགོས་པ་དང་།  གལ་སྲིད་དྲིལ་བུ་དཀྲོལ་མཚམས་བཞག་ཚེ་དགེ་འདུན་པ་དེ་གྲོངས་ཚར་བར་ངོས་འཛིན་གྱིས་མཁའ་དབུགས་འགྲོ་ས་དེ་བཀག་ནས་པུར་ཁང་དེར་སྒོ་ཐེལ་བརྒྱབ་སྟེ།  ཉིན་གྲངས་ ༡༠༠༠ བཞག་རྗེས་སྒོ་ཕྱེ་ནས་དགེ་འདུན་པ་དེ་དམར་གདུང་ཆགས་ཡོད་མེད་རྟོག་ཞིབ་བྱེད་ཀྱི་ཡོད། ད་བར་དགེ་འདུན་པ་བརྒྱ་ཁྲག་ཁ་ཤས་ཀྱིས་ཉམས་ལེན་དེ་བྱས་ཡོད་ཀྱང་།  ཁ་ཤས་ཤིག་གིས་མ་གཏོགས་དོན་འཁྱོལ་བྱེད་ཐུབ་མེད། ཅེས་བཀོད་འདུག
སྐྱེ་དངོས་ཚན་རིག་ (Live science) དྲ་རྒྱའི་ཐོག་གསར་རྙེད་བྱུང་བའི་དམར་གདུང་དེའི་སྐོར་གྱི་གནས་ཚུལ་སྤེལ་བ་ལྟར་ན། དམར་གདུང་བཞུགས་པའི་གསེར་ཟངས་ལས་གྲུབ་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་དེ་ནི།  རྒྱ་ནག་གི་ལྷོ་ཤར་དགོན་པ་ཞིག་ཏུ་དུས་རབས་མང་པོ་ཉར་ཚགས་བྱས་ཡོད་ཀྱང་། ༡༩༦༦ ལོར་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་རྗེས།  ནག་ཚོང་རྒྱག་མཁན་ཞིག་གིས་སྐུ་བརྙན་དེ་ཉོས་ཏེ་ཧོ་ལན་ཌིའི་གནའ་རྫས་ཉོ་མཁན་ཞིག་ལ་བཙོངས་ཡོད་སྟབས། ༡༩༩༦ ལོར་གནའ་རྫས་བདག་པོས་སྐུ་འདྲའི་ཕྱི་ངོས་སུ་སེར་ཀ་འགས་པ་ཞིག་གསོ་བྱེད་མཁན་ཞིག་སྐད་བཏང་སྟེ།  མི་དེས་སྐུ་འདྲ་བཞུགས་ཁྲིའི་ཤིང་སྟེགས་ལས་མར་ཕབ་ཏེ་སར་འཇོག་སྐབས། སྐུ་བརྙན་གྱི་པུས་མོའི་འོག་ཏུ་རྒྱ་ཡིག་བྲིས་ཡོད་པའི་འོད་མདངས་བཀྲ་བའི་སྔས་གདན་ནང་དངོས་རྫས་ཤིག་ཡོད་པ་ཤེས་རྟོགས་བྱུང་ཡོད་སྟབས།  ཁོས་སྔས་གདན་བཤུས་ནས་ལྟ་སྐབས་སྐུ་བརྙན་ནང་དམར་གདུང་ཞིག་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག
དེའི་རྗེས་ཕུང་ཁམས་བརྟག་དཔྱད་པས་གནས་མཐུན་མཉམ་རྫས་ (isotopes of carbon) ཀྱི་བརྟག་ཐབས་བྱས་ཏེ།  དམར་གདུང་དེ་དུས་རབས་ ༡༡ དང་ ༡༢ སྐབས་ནས་བྱུང་བ་ཞིག་ཡིན་པ་དང་། སྔས་གདན་དེ་གཉིས་ལོ་ ༢༠༠ ཙམ་ལས་ཕྱིན་མེད་པ་ཤེས་རྟོགས་བྱུང་ཡོད་འདུག ༢༠༡༣ ལོར་སླར་ཡང་འཇར་མན་གྱི་མན་ཧེམ་ (Mannheim) གསོ་རིག་སློབ་ཆེན་གྱིས་དམར་གདུང་དེར་བརྟག་དཔྱད་བྱས་ཀྱང་དམར་གདུང་དེ་སུ་ཡིན་ངོས་ཟིན་བྱུང་མི་འདུག ཟླ་འདིའི་ཚེས་ ༢༣ ཉིན་མཱན་ཌར་སྨན་ཁང་གིས་དམར་གདུང་དང་ཡིག་རྙིང་ཐོག་བྲིས་པའི་རྒྱ་ཡིག་སོགས་ལ་ཞིབ་འཇུག་བྱས་ཏེ།  དེ་ནི་དུས་རབས་ ༡༡ དང་ ༡༢ སྐབས་ཀྱི་རྒྱ་ནག་གི་ནང་པའི་སློབ་དཔོན་ལིའུ་ཆུན་ཡིན་པ་ངོ་རྟོགས་ཆོད་ཡོད་འདུག
ནང་དོན་རིག་པའི་མཁས་དབང་ཨི་རེག་(Erik Bruijn) གིས། “ད་ལྟ་ལིའུ་ཆུན་གྲོངས་མེད་པར་ཐུགས་དམ་ལ་བཞུགས་ཡོད་སྟབས།  ཚན་རིག་པས་བརྟག་དཔྱད་བྱས་ཏེ་རྒྱལ་སྤྱིའི་ཐོག་གསལ་བསྒྲགས་བྱེད་དགོས”ཞེས་བརྗོད་འདུག ད་ལྟ་ལིའུ་ཆུན་གྱི་དམར་གདུང་དེ་ཌི་རན་སེ་འགྲེམས་སྟོན་ཁང་ནང་བཤམ་སྟོན་བྱས་ཡོད་པ་མ་ཟད། དེའི་རྗེས་ཧང་གྷ་རིའི་རྒྱལ་ས་བྷུ་ཌ་པེ་སེ་ཌི་ (Budapest) ཡི་རྒྱལ་ཡོངས་འགྲེམས་སྟོན་ཁང་དུ་འཁྱེར་ཏེ། འདི་ལོའི་ཕྱི་ཟླ་ ༥ པའི་བར་བཞུགས་འཆར་ཡོད་འདུག

གསར་འགོད་པ། དོན་གྲུབ།

ཡོང་ཁུངས་བོད་ཀྱི་དུས་བབ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s