འབའ་སྲས།

མེ་ཏོག་ཚལ་དུ་དུག་ཟས་མི་བཟའ་ཞིང་།།
སྤུ་རིགས་སྒྲོ་ལྡན་བྱ་ལ་མི་གཏོགས་པ།།
ཡིད་འོང་མཚར་སྡུག་འཛུམ་གྱིས་མཛེས་པ་ཡི།།
སྔོན་མེད་རྨ་བྱ་ཞིག་ནི་བདག་གིས་མཐོང་།།

འཇའ་རིས་གོས་སུ་གྱོན་པས་མཚར་དུ་སྡུག །
སྒྲོ་མདོངས་རྒྱན་དུ་བཟུང་བའི་སྒེག་ག་མོ།།
ང་ཡི་སེམས་སུ་རིང་ནས་འོད་འཚེར་འཚེར།།
གངས་དཀར་བཟང་མོ་གངས་རིའི་རྨ་བྱ་ཡིན།།

གཙུག་ཕུད་ལྡན་པའི་ལང་ཚོ་ཁྱོད་ལ་འཛོམས།།
གཡུ་འབྲུག་ཅིག་གི་སྤོབས་པ་ང་ལ་མཆིས།།
བརྩེ་སེམས་སྤྲིན་དཀར་ལོང་ལོང་དཀྲིགས་པའི་དབུས།།
སྙིང་གཏམ་སྦྲང་ཆར་བདུད་རྩི་ས་ལ་འཇོ།།

རྨ་བྱ་ཁྱོད་ནི་འགྲོ་འགྲོ་གང་ལ་འགྲོ །
གང་དུ་མ་འགྲོ་ང་ཡི་སེམས་སུ་ཕེབས།།
ང་ཡི་སྙིང་གི་མེ་ཏོག་སྐྱེད་ཚལ་ན།།
སྒྲོ་མདོངས་གུར་དུ་ཕུབ་སའི་རྩེད་ར་ཡོད།།

རྨ་བྱ་ཁྱོད་ནི་ཡོང་ཡོང་གང་ནས་ཡོང་།།
ང་ཡི་སེམས་དང་སྙིང་གི་དཀྱིལ་ནས་ཡོང་།།
ང་ཡི་སྙིང་གི་ཐིག་ལེ་རི་མོ་འདི།།
ནམ་ཡང་བོར་དུ་མ་འཇུག་རྒྱན་དུ་ཟུངས།།

འཇིག་རྟེན་འདི་ན་བརྩེ་བའི་གཞན་དབང་གིས།།
ལུས་སེམས་མ་བཅུམས་སྐྱེ་བོ་སུ་ཞིག་མཆིས།།
དེ་བས་འདི་ན་མེ་ཏོག་ཁྱོར་བ་གང་།།
ཁྱོད་ལ་གཏོར་བས་ང་ལ་སུ་ཡིས་འཕྱ།།

ལང་ཚོའི་པིར་གྱིས་ཡིད་ཀྱི་རྩིག་ངོས་སུ།།
འདག་པར་དཀའ་བའི་རི་མོ་བྲིས་མིན་པར།།
དུངས་སེམས་འོད་ཀྱི་ཟེགས་མ་འཕྱོ་བ་ཡི།།
ཟླ་བ་གཞོན་ནུ་ཡིད་དགའི་རྟེན་དུ་ཤར།།

འོ་དཀར་བསྙལ་ན་ཞོ་དཀར་ཕུང་བོ་དང་།།
དཀྲུགས་པར་བྱས་ན་མར་གྱི་རིལ་བུ་བཞིན།།
མཛའ་བ་སེམས་ལ་བརྡར་བའི་ལོ་ཟླའི་ནང་།།
འཇིག་རྟེན་སྣང་བའི་བདེ་ཆེན་འདི་བྱུང་ངོ་།།

འདོད་པ་ཁོ་ནས་གླེང་བ་ཆགས་པ་ཉིད།།
མཛའ་བ་དམ་དུ་བྱེད་པ་དམ་པའི་གཤིས།།
མཛའ་བའི་ཤིང་ལ་འདོད་པའི་ལོ་མ་ཅན།།
ཁོ་བོའི་མགྲིན་པའི་སྐྱེད་ཚལ་ལྗོན་པར་འཁྲུངས།།

དེས་ན་འདི་ནས་ལོ་ཟླའི་ཕྲེང་བའི་ནང་།།
དྲན་པའི་རི་མོར་གསེར་ཞུན་ཚོན་གྱིས་ནི།།
མཛེས་པར་མ་བཀོལ་རང་བྱུང་སྙིང་ཁ་རུ།།
ལེགས་སྐྱེས་མེ་ཏོག་དགོད་པའི་ཚོམ་བུ་འགྲེམས།།

གང་ཞིག་བྱུང་བ་རྒྱུ་དང་རྐྱེན་ལ་བརྟེན།།
མེད་པར་འགྱུར་བ་དེ་ཡང་དེ་ཉིད་དེ།།
རྒྱུ་དང་འབྲས་བུ་གོ་ལྡོག་མ་གྱུར་ན།།
ཁྱོད་ནི་ནམ་ཡང་བདག་གི་མཛའ་བའི་གྲོགས།།

ཤིན་ཏུ་རྒྱང་རིང་ཉིན་མཚན་གོ་ལྡོག་ཀྱང་།།
ནམ་མཁའ་ཉི་ཟླས་ལམ་དུ་འཛིན་པ་བཞིན།།
ལུས་ཀྱི་རྐང་བ་གངས་རིའི་རྒྱབ་མདུན་དུ།།
སུག་ཀྱང་ལས་ཀྱི་དུངས་པ་གཅིག་ལ་འཁྱིལ།།

བརྩེ་དུང་མཚོ་ཆེན་འཕྱུར་བའི་འཇུག་ངོགས་སུ།།
འཇིག་རྟེན་སྣང་བའི་གཤོག་པས་བགྲོད་བྱས་ཏེ།།
ཡིད་མཐུན་མེ་ཏོག་དགོད་པའི་སྐྱེད་ཚལ་དུ།།
པད་རྩ་འཐུ་བའི་ངང་བ་ངེད་གཉིས་ལགས།།

རིང་ཡང་སྐྱོ་དུས་ཉེ་སར་འཕྲོ་བའི་འོད།།
བདག་ཉིད་འཁྱག་དུས་སྙིང་ཁ་དྲོ་བའི་མེ།།
ཉེ་རིང་གང་དུ་བསམས་ཀྱང་མཛའ་མཐུན་མ།།
ད་ནི་བདག་གིས་ཁྱེད་ལ་གཏམ་གཞན་གླེང་།།

བདག་གི་དྲིན་ཆེན་ཨ་མ་འདས་པའི་ཉིན།།
གདུང་སེམས་མཉམ་སྐྱེད་མཆོད་མེ་བརྒྱ་ཚར་ཞིག །
བདེ་སྐྱིད་ཐང་ནས་ཁྱོད་ཀྱིས་བསྒྲོན་པ་ནི།།
ད་དུང་བདག་གི་སེམས་ན་འོད་འཚེར་འཚེར།།

ཨ་མའི་རྗེས་ཀྱི་གསེར་གྱི་མཆོད་མེ་ཡིན།།
བདག་གི་མདུན་གྱི་དངུལ་གྱི་སྒྲོན་མེ་ཡིན།།
འདས་གསོན་གཉིས་ཀྱི་སེམས་སུ་འོད་ལམ་ལམ།།
མཆོད་མེ་བརྒྱ་ཚར་སེམས་ཀྱི་ཚེ་འབར་ཡིན།།

ཨ་མའི་ཚབ་བྱས་ཁྱོད་ལ་བཀའ་དྲིན་ཆེ།།
བདག་གི་ཚབ་བྱས་སྙན་ངག་འདི་ཡིས་བསྟོད།།
དྲིན་ལ་དྲིན་འཇལ་འཇིག་རྟེན་མི་ཡི་ལུགས།།
བཟང་ལ་བཟང་བཤད་གུས་པ་བདག་གི་གཤིས།།

འདོད་པའི་དོན་དུ་བྱས་ན་མཛའ་ན་མོ།།
འབྲེལ་བའི་དབང་གིས་དགར་ན་ཕན་པའི་གྲོགས།།
གང་ལྟར་བྱས་ཀྱང་བདག་གི་སེམས་ཀྱི་མི།།
ནམ་ཡང་སྐྱིད་ལ་དགེ་བའི་བཀྲ་ཤིས་ཤོག །

༢༤/༠༢/༡༥ ལས་ཞོར་འགྲོ་ཞོར་ཟ་ཞོར་དུ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading